分享按钮

ཞིང་ཆེན་20ལྷག་ཙམ་ལ་སྨན་བཅོས་འགན་བཅོལ་མི་སྒེར་གྱི་རྩིས་ཐོས་ཞིང་ཆེན་ནང་ཁུལ་གྱི་ས་གནས་གཞན་གྱི་ཁྱིམ་ཚང་ལ་མཉམ་རོགས་བྱ་རྒྱུ་མངོན་འགྱུར་བྱུང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ།ཚེས་18ཉིན།རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ནས་གནས་ཚུལ་སྤེལ་བར་གཞིགས་ན།མིག་སྔར་ཞིང་ཆེན་22དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་སྨན་བཅོས་འགན་བཅོལ་མི་སྒེར་གྱི་རྩིས་ཐོས་ཞིང་ཆེན་ནང་ཁུལ་གྱི་ས་གནས་གཞན་གྱི་ཁྱིམ་ཚང་ལ་མཉམ་རོགས་བྱ་རྒྱུ་མངོན་འགྱུར་བྱས་པ་དང་།ཞིང་ཆེན་9ཡིས་འདི་ལོའི་ལོ་མཇུག་གོང་སྨན་བཅོས་འགན་བཅོལ་མི་སྒེར་གྱི་རྩིས་ཐོས་ཞིང་ཆེན་ནང་ཁུལ་གྱི་ས་གནས་གཞན་གྱི་ཁྱིམ་ཚང་ལ་མཉམ་རོགས་མངོན་འགྱུར་ཐུབ་པར་བྱ་རྒྱུ་རེད།

སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོའི་ཁྱིམ་ཚང་མཉམ་རོགས་ཞེས་པ་ནི་འགན་བཅོལ་ནང་ཞུགས་མཁན་གྱིས་ལས་བཟོ་བའི་སྨན་བཅོས་འགན་བཅོལ་ནང་ཞུགས་རྗེས།ལས་བཟོ་བའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོའི་ཁྱིམ་ཚང་མཉམ་རོགས་གཉེར་བར་བརྟེན་ནས་མི་སྒེར་གྱི་རྩིས་ཐོའི་སྤྱོད་དབང་འགན་བཅོལ་ནང་ཞུགས་མཁན་གྱི་ཕ་མ་དང་།བཟའ་ཟླ།བུ་ཕྲུག་བཅས་ལ་སྤྲད་དེ་བེད་སྤྱོད་གཏོང་བར་ཟེར་ཞིང་།དཔེར་ན།སྒྲིག་སྲོལ་དང་མཐུན་པའི་སྨན་བཅོས་གྲོན་དངུལ་གཏོང་བའི་ཁྲོད་ཀྱི་མི་སྒེར་གྱིས་སྤྲོད་རྒྱུའི་ཆ་ཤས་སོགས་ཡིན།

མིག་སྔར་རོགས་རམ་བྱེད་མཁན་དང་རོགས་རམ་བྱ་ཡུལ་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྤྱི་འདོམས་ཁུལ(སྤྱིར་བཏང་དུ་ས་ཁུལ་རིམ་པའི་གྲོང་ཁྱེར་གཅིག་པ)གཅིག་གི་ནང་དུ་རོགས་རམ་བྱེད་ཆོག་པ་དང་།ཞིང་ཆེན་ནང་ཁུལ་གྱི་ས་གནས་གཞན་དུ་མཉམ་རོགས་མངོན་འགྱུར་བྱེད་པ་ཞེས་པ་ནི་མཉམ་རོགས་བྱེད་མཁན་དང་མཉམ་རོགས་བྱ་ཡུལ་གྱི་མི་ཞིང་ཆེན་གཅིག་གི་འགན་བཅོལ་ནང་ཞུགས་མོད། འོན་ཀྱང་སྤྱི་འདོམས་ཁུལ་གཅིག་གི་ནང་དུ་མེད་ཀྱང་།གཉེན་ཉེར་མཉམ་རོགས་བྱས་ཆོག་པར་ཟེར།

སྨན་བཅོས་འགན་བཅོལ་མི་སྒེར་གྱི་རྩིས་ཐོས་ཞིང་ཆེན་ནང་ཁུལ་གྱི་ས་གནས་གཞན་ལ་མཉམ་རོགས་བྱེད་པའི་ས་ཁུལ་ནི་པེ་ཅིང་དང་།ཐེན་ཅིན།ཧྲང་ཧའེ།ཁྲུང་ཆིན།ཧོ་པེ།ཧྲན་ཞི།ནང་སོག ཅི་ལིན།ཅང་སུའུ།ཧྥུའུ་ཅན།ཅང་ཞི།ཧུའུ་ནན།ཀོང་ཞི།ཧའེ་ནན།སི་ཁྲོན།ཀུའེ་ཀྲོའུ།ཡུན་ནན།བོད་ལྗོངས།ཀན་སུའུ།མཚོ་སྔོན།ཉིང་ཞ།ཤིན་ཅང་བཅས་དང་དེ་བཞིན་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ཡིན་པ་རེད།དེའི་ནང་ཧོ་པེ་དང་ཅང་སུའུ་སོགས་སུ་ལས་བཟོ་བའི་འགན་བཅོལ་ནང་ཞུགས་མཁན་མི་སྒེར་གྱི་རྩིས་ཐོའི་ལྷག་དངུལ་དེ་ཞིང་ཆེན་ནང་ཁུལ་གྱི་ས་གནས་གཞན་གྱི་འགན་བཅོལ་ནང་ཞུགས་མཁན་གྱི་ཐད་ཀའི་གཉེན་ཉེར་མཉམ་རོགས་བྱེད་ཐུབ་པར་མ་ཟད། མཉམ་རོགས་མ་དངུལ་ཡང་ཞིང་ཆེན་ལས་བརྒལ་ནས་བེད་སྤྱོད་གཏོང་ཆོག་གི་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན།ཀྲེ་ཅང་དང་།ཧོ་ནན།ཧྲན་ཏུང་།ཀོང་ཏུང་བཅས་ཀྱི་ས་ཆ་ཁག་གཅིག་ལ་ཞིང་ཆེན་ནང་ཁུལ་དུ་མཉམ་རོགས་བྱ་རྒྱུ་མངོན་འགྱུར་བྱུང་བ་དང་།འདི་ལོའི་ལོ་མཇུག་གོང་ས་ཆ་ཚང་མར་མངོན་འགྱུར་བྱ་རྒྱུ་དང་།ཨན་ཧུའེ་དང་ཧྲན་ཞིས་ཉེ་དུས་ཞིང་ཆེན་ནང་ཁུལ་དུ་མཉམ་རོགས་བྱ་རྒྱུ།ལེའོ་ཉིང་དང་།ཧེ་ལུང་ཅང་།ཧུའུ་པེ་བཅས་འདི་ལོའི་ལོ་མཇུག་གོང་མངོན་འགྱུར་བྱ་རྒྱུ་ཡིན་པ་རེད།

རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན།སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོའི་ཁྱིམ་ཚང་མཉམ་རོགས་ཐད་སྔོན་འགྲོའི་ཆ་རྐྱེན་གཉིས་ཚང་དགོས་པ་སྟེ། གཅིག་ནི་འགན་བཅོལ་ནང་ཞུགས་མཁན་གྱི་ཕ་མ་དང་།བཟའ་ཟླ།བུ་ཕྲུག་བཅས་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པ(ལས་བཟོ་བའི་སྨན་བཅོས་འགན་བཅོལ་དང་གྲོང་མིའི་སྨན་བཅོས་འགན་བཅོལ་ཚུད་པ)དང་།གཉིས་ནི་འགན་བཅོལ་ནང་ཞུགས་མཁན་གྱིས་ལས་བཟོ་བའི་སྨན་བཅོས་འགན་བཅོལ་མི་སྒེར་གྱི་རྩིས་ཐོའི་ཁྱིམ་ཚང་མཉམ་རོགས་ཞེས་པ་གཉེར་ཟིན་པ།

འགན་བཅོལ་ནང་ཞུགས་མཁན་གྱིས་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་ཞབས་ཞུའི་ལས་སྟེགས་Appས་གནས་ཆེད་ཁུལ་དང་།ས་གནས་དེ་གའི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱི་འཕྲིན་ཕྲན་སྤྱི་སྟེགས།གཞུང་ཕྱོགས་དྲ་ཚིགས་སོགས་ཀྱི་ལས་བཟོ་བའི་སྨན་བཅོས་འགན་བཅོལ་མི་སྒེར་གྱི་རྩིས་ཐོའི་ཁྱིམ་ཚང་མཉམ་རོགས་ཀྱི་བྱེད་ནུས་དཔེ་དུམ་བརྒྱུད་དྲ་ཐོག་ནས་གཉེར་ཆོག་པ་དང་།ཞིབ་ཕྲའི་ཐབས་ལམ་དེ་སྤྱི་འདོམས་ཁུལ་ཁག་གི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་པ་དང་དུས་མཚུངས་དྲ་ཐོག་གི་སྨན་བཅོས་འགན་བཅོལ་ཚོམས་ཆེན་གྱིས་ཀྱང་ལས་སྒོ་དེ་གཉེར་ཆོག་གི་ཡོད་པ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-20 6 6 拉萨日报藏文 c181220.html 1 ཞིང་ཆེན་20ལྷག་ཙམ་ལ་སྨན་བཅོས་འགན་བཅོལ་མི་སྒེར་གྱི་རྩིས་ཐོས་ཞིང་ཆེན་ནང་ཁུལ་གྱི་ས་གནས་གཞན་གྱི་ཁྱིམ་ཚང་ལ་མཉམ་རོགས་བྱ་རྒྱུ་མངོན་འགྱུར་བྱུང་བ། /enpproperty-->