分享按钮

འཕན་པོ་རིག་པའི་འབྱུང་གནས་རྟ་རྒྱུག་འགྲན་བསྡུར་ཆེན་མོ་སྐབས་དང་པོ་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། འཕན་པོ་རིག་པའི་འབྱུང་གནས་རྟ་རྒྱུག་འགྲན་བསྡུར་ཆེན་མོ་སྐབས་དང་པོ་དེ་ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་རྡལ་གླང་ཐང་གྲོང་ཚོར་བདེ་བླག་ངང་གཉེར་བས་གྲོང་མི་དང་ཡུལ་སྐོར་བ་མང་པོ་ཞིག་འགྲན་བསྡུར་ལ་ལྟ་རུ་ཡོང་བའི་ཡིད་དབང་བཀུག་ཡོད་པ་རེད།

ཉིན་དེར་འཕན་པོ་རིག་པའི་འབྱུང་གནས་རྟ་རྒྱུག་འགྲན་བསྡུར་ཆེན་མོ་སྐབས་དང་པོ་སྤེལ་སའི་ཡུལ་དངོས་སུ་རྟ་པ་དང་རྟ་མཆོག་གི་ཁྱུ་ཚོགས་འདུས་ནས་རྣམ་པ་ཧ་ཅང་གི་འཁྲུག་ཆ་དོད་པོ་ཡོད་པ་རེད། སྔ་དྲོའི་ཆུ་ཚོད་10ཙམ་ལ་འཁྲུག་ཆ་དོད་པའི་ལྷ་མོའི་འཁྲབ་སྟོན་ཁྲོད་རྟ་རྒྱུག་འགྲན་བསྡུར་དངོས་སུ་འགོ་ཚུགས་ཤིང་། འཐུས་མིའི་རུ་ཁག་གི་གཙོ་སྐྱོང་པའི་ངོ་སྤྲོད་འོག་གོ་རིམ་ལྡན་པའི་ངང་འགྲན་རར་འཛུལ་ནས་བཀྲ་ཤིས་པའི“ཕྱེ་མར”ཟ་བ་དང་འབྲེལ་ཚང་མར་མིག་གི་སྟོན་མོ་བཤམས་འགོ་བརྩམས། འགྲན་བསྡུར་ནང་ཞུགས་མཁན་གྱི་རྟ་པ་རྣམས་གྲ་སྒྲིག་ཨང་གསར་གྱིས་ཤན་འབྱེད་པའི་བཀའ་དང་བསྟུན་ནས་རྒྱུག་རའི་ནང་རང་རང་གི་བགྲོད་ངོམས་བཞིན་མཆིས། འགྲན་རའི་ལྟད་མོ་བའི་དགའ་འབོད་ཀྱི་སྒྲའི་ཁྲོད་རྟ་པ་ཚང་མ་མཇུག་ཐིག་ནས་བརྒལ་བས་ངོ་མཚར་ཆེ་བའི་མཐོང་ཚོར་གྱི་སྟོན་མོ་ཞིག་བཤམས་ཡོད་པ་རེད།

འགྲན་བསྡུར་ནང་ཞུགས་མཁན་གྱི་འཐུས་མིའི་རུ་ཁག་དང་ཡར་འབྲོག་རྟ་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཞབས་དྲུང་བློ་བཟང་ཚུལ་ཁྲིམས་ཀྱིས་ཡར་འབྲོག་རྟ་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཞིག་ཡིན་པའི་ངོས་ནས།དེ་རིང་ལྷུན་གྲུབ་རྫོང་གི་རྟ་རྒྱུག་འགྲན་བསྡུར་ནང་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་ལ་གཟིགས་བརྗིད་ཡང་ཡིན་བསམ་བཞིན་འདུག ངས་རྟ་རྒྱུག་འགྲན་བསྡུར་གྱི་ས་ཡུལ་དངོས་སུ་ཞི་མཐུན་དང་། ཤེས་དཔལ། དགའ་སྤྲོ་བཅས་ལྡན་པ་མཐོང་བྱུང་ལ། འདི་ནི་ཏང་དང་སྲིད་གཞུང་གིས་ང་ཚོར་སྦྱིན་པའི་དྲོ་སྐྱིད་ཡིན་ལུགས་མང་ཚོགས་ཀྱི་མཛུམ་མདངས་ལས་མངོན་ཐུབ་ཀྱི་འདུག ཕྱིས་འབྱུང་། རིམ་པ་ཁག་གི་འབྲེལ་ཡོད་སྡེ་ཚན་གྱིས་རྟ་རྒྱུག་གི་ལུས་རྩལ་དང་རིག་གནས་ལ་མུ་མཐུད་མཐོང་ཆེན་དང་རྒྱབ་སྐྱོར་བྱས་ནས་དེ་དང་འདྲ་བའི་བྱེད་སྒོ་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད་ཅེས་བཤད།

ད་ཐེངས་ཀྱི་རྟ་རྒྱུག་འགྲན་བསྡུར་དེ་དུས་ཡུན་ཉིན་གཉིས་ཡིན་པ་དང་འགྲན་བསྡུར་རྣམ་གྲངས་ལ་མགྱོགས་ཚད་འགྲན་བསྡུར་དང་བགྲོད་ཀྱི་འགྲན་བསྡུར་གཉིས་སུ་དབྱེ་ཡོད། བྱེད་སྒོ་དེ་ལྷུན་གྲུབ་རྫོང་འཕན་ཡུལ་རིག་པའི་འབྱུང་གནས་རྟ་རྩལ་མཐུན་ཚོཊ་ཀྱིས་སྒྲུབ་འགན་འཁུར་ཞིང་། ལྗོངས་ཡོངས་ཀྱི་ས་གནས་ཁག་དང་གྲོང་ཁྱེར་ནས་ཡོང་བའི་རྟ་མཆོག་258འགྲན་བསྡུར་ནང་ཞུགས་ཡོད་པ་རེད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-19 6 6 拉萨日报藏文 c181129.html 1 འཕན་པོ་རིག་པའི་འབྱུང་གནས་རྟ་རྒྱུག་འགྲན་བསྡུར་ཆེན་མོ་སྐབས་དང་པོ་འགོ་ཚུགས་པ། /enpproperty-->