(པར་ངོས་དང་པོར་མཐུད)ལྗོངས་ནང་ཁུལ་གྱི་ས་གནས་དང་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ་སོགས་ཀྱིས་མཉམ་དུ་འཁྲབ་སྟོན་ལ་གཟིགས་པ་རེད།
དགོང་མོའི་ཆུ་ཚོད་8པར《མེས་རྒྱལ་བསྐལ་བརྒྱར་བརྟན་པར་ཤོག》ཅེས་པའི་ཁྲོད་འཁྲབ་སྟོན་དངོས་སུ་འགོ་ཚུགས་ཤིང་། འཁྲབ་སྟོན་པ་ཚོས་གཟབ་མཆོར་སྤྲས་ཏེ་སྙན་ཞིང་འཇེབས་པའི་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་མགྲོན་བསུའི་གླུ་གར་རེས་མོས་སུ་འཁྲབ་པ་དང་། བོད་མི་རིགས་ཀྱི་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་དང་ཐུན་མིན་གྱི་ཁྱད་ཆོས་མངོན་པར་བྱས་ཡོད། 《མེས་རྒྱལ་བསྐལ་བརྒྱར་བརྟན་པར་ཤོག》ཅེས་པ་དེ་ལས་མི་དམངས་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་ལ་བཅངས་པའི་བརྩེ་སེམས་མཚོན་ཞིང་། མཛེས་སྡུག་ལྡན་པའི་ལྷ་སར་བསྔགས་བརྗོད་བྱེད་པའི་བརྩེ་བ་མཚོན་པར་མ་ཟད། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་ཡང་དེ་བས་མཚོན་ཐུབ།
འཁྲབ་སྟོན་ལ་ལྟ་མཁན་ཚལ་གུང་ཐང་ཁྲོམ་གཞུང་གི་ཡུལ་མི་ངག་དབང་ཚེ་བཟང་གིས་དེ་རིང་གི་འཁྲབ་སྟོན་ཧ་ཅང་ངོ་མཚར་ཆེན་པོ་འདུག ལྷ་སའི་མཛེས་ལྗོངས་དང་རིག་གནས་མང་པོ་ཞིག་མངོན་པར་བྱས་སོང་། ང་ཚོའི་ཕ་ཡུལ་དེ་འདྲའི་ལྟ་ན་སྡུག་པ་ཞིག་ཏུ་མཐོང་དུས་ཧ་ཅང་དགའ་འོས་པ་ཞིག་རེད། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་། སྲིད་གཞུང་གིས་ཁོར་ཡུག་ལ་མཐོང་ཆེན་དང་འཚོ་བའི་ཁོར་ཡུག་ལེགས་སུ་ཧུར་ཐག་བཏང་ནས་འབྱུང་ཁམས་ཁོར་ཡུག་ཡག་ཏུ་ཕྱིན་ཡོད། ལྷ་ས་ཇེ་མཛེས་ནས་ཇེ་མཛེས་དང་སྡོད་གནས་ཇེ་སྐྱིད་ནས་ཇེ་སྐྱིད་དུ་སོང་བས་ང་ཚོ་ཧ་ཅང་སྐྱིད་པོ་འདུག་ཅེས་བཤད།
དེ་རྗེས《Wel—come to Lhasa》ཞེས་པའི་གླུ་དབྱངས་ཀྱི་སྒྲ་གྱིམ་ཤིང་ཀོང་ཇོའི་ཟློས་གར་ཁང་དུ་གྲགས་ཤིང་། གླུ་དབྱངས་དང་མཛེས་ལྗོངས་ཟུང་འབྲེལ་བྱས་པ་དེ་ལས། སྒོ་དབྱེ་ཁོང་ཡངས་ཀྱི་ལྷ་སས་འཛམ་གླིང་ལ་གདན་ཞུའི་འབོད་བརྡ་བསྒྲགས་ཏེ་ཡུལ་སྐོར་བ་དེ་བས་མང་བ་ལྟ་སྐོར་ཡུལ་སྐོར་དུ་ཕེབས་རྒྱུར་དགའ་བསུ་ཞུ་བའི་རྣམ་པ་མཚོན་ཡོད།
པེ་ཅིང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་གཙོ་སྐྱོང་བ་ཀྲང་ཀྲི་ཆང་འཁྲབ་སྟོན་གཙོ་སྐྱོང་གི་ལས་དོན་ནང་ཞུགས་ཤིང་། དེ་ནི་ཁོང་བོད་དུ་ཡོང་ཐེངས་བཞི་པ་ཡིན་པ་དང་། བོད་དུ་ཡོང་ཐེངས་རེར་ཁོང་གིས་བོད་ལྗོངས་ཀྱི་འགྱུར་ལྡོག་གསར་པ་མཐོང་ཡོད་ལ་མྱོང་ཚོར་གསར་པ་ཡང་བསྐྱེད་ཡོད། ཁོང་གིས་ལྷ་སས་ང་ལ་དགའ་འོས་པའི་ཚོར་བ་སྟེར་ཆེ་ཤོས་ནི་རིག་གནས་ཡུལ་སྐོར་གྱི་རྣམ་པ་ཇེ་ལེགས་སུ་འགྲོ་ཚུལ་དེ་དང་། གཞོན་ནུ་མང་པོ་ཞིག་དེའི་ནང་ཞུགས་པའི་ངང་ཚུལ་བཟང་པོ་དེ་ཡིན། ང་ཚོས་དེང་སྐབས་རིག་གནས་ཡུལ་སྐོར་ནི་སྤྲོ་གསེང་ཙམ་རེད་ཅེས་གླེང་གིན་ཡོད་མོད། ཡིན་ནའང་ངའི་རེ་བ་ནི། ཚང་མ་ལྷ་སར་ཡུལ་སྐོར་དུ་ཡོང་སྐབས། མཛེས་ལྗོངས་གྲགས་ཅན་དུ་སོང་ནས་པར་ལེན་པ་ཙམ་མ་ཡིན་པར། དལ་དལ་ལྷོད་ལྷོད་ཀྱིས་ལྷ་སར་ལོངས་སྤྱོད་བྱ་རྒྱུ་དེ་ཡིན་ཞེས་བཤད།
ལོ་12སོང་རྗེས། ཅང་སུའུ་འཕྲིན་ལམ་གྱི་གཙོ་སྐྱོང་བ་ཝང་ཞའོ་ཡ་སླར་ཡང་ལྷ་སར་སླེབས་པ་དང་། ཁོང་གིས་ཡར་ངོའི་ཟླ་ལ་དཔེ་བཞག་ནས་ལྷ་སའི་འཕེལ་རྒྱས་ཀྱི་རྣམ་པ་གླེང་ཡོད། ཁོང་གིས་གནམ་དེ་བས་སྔོ་རུ་ཕྱིན་པ་དང་། ཆུ་དེ་བས་དྭངས་སུ་ཕྱིན་པ། རི་བོ་དེ་བས་སྔོ་རུ་ཕྱིན་འདུག་པས་དེ་དག་ནི་ལྷ་སས་ལོ་ཤས་རིང་ཁོར་ཡུག་སྲུང་སྐྱོང་ཐད་འབད་བརྩོན་ཆེན་པོ་བྱས་པ་རྟོགས་ཐུབ་ལ། མི་མང་པོ་ཞིག་གིས་དེའི་ཐད་འབད་བརྩོན་གནང་བར་ཐུགས་རྗེ་ཆེ་ཞུ་འོས་པ་ཞིག་རེད། མ་ཟད་གྲོང་ཁྱེར་འདིས་སྔ་ཕྱི་བར་གསུམ་དུ་ཡུན་རིང་བའི་ལོ་རྒྱུས་དང་རིག་གནས་རྒྱུན་འཛིན་བྱེད་བཞིན་འདུག ངའི་བསམ་པར་ཡང་དེ་ནི་གྲོང་ཁྱེར་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་དོར་དུ་མི་རུང་བའི་ལས་དོན་འགངས་ཆེན་ཞིག་རེད་སྙམ་གྱི་འདུག གོ་སྐབས་བྱུང་ཚེ་མ་འོངས་པར་ང་སླར་ཡང་ལྷ་སར་ཡོང་རྒྱུ་ཡིན་ཞེས་བཤད།
2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་གྱི“གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས”ཞེས་པའི་རིག་རྩལ་འཁྲབ་སྟོན་དེ་ནི་ལྷ་སའི་གླུ་གར་ཚོགས་པའི(གཞས་མ་གཏམ་གྱི་ཚོགས་པ)ཆེད་ལས་འཁྲབ་སྟོན་པ་གཙོ་བོར་བྱས་ནས་འཁྲབ་སྟོན་བྱས་ཤིང་། པེ་ཅིང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་གཙོ་སྐྱོང་བ་ཀྲང་ཀྲི་ཆང་དང་། ཅང་སུའུ་འཕྲིན་ལམ་གྱི་གཙོ་སྐྱོང་བ་ཝང་ཞའོ་ཡ། ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གཙོ་སྐྱོང་བ་ཕུར་སྒྲོན་དང་། སུང་ཁྲུན་རུང། བཀྲ་ཤིས་སྒྲོལ་མ། ཀུན་ལྡན་ཕུན་ཚོགས་བཅས་ཀྱིས་ཐུན་མོང་དུ་གཙོ་སྐྱོང་བྱས་པ། གཡུང་དྲུང་རྒྱལ་དང་། བསོད་ནམས་མགོན་པོ། ཚེ་རིང་བསམ་གྲུབ། ཡེ་ཤེས་སྒྲོལ་མ། བཀྲ་ཤིས་སྒྲོལ་མ་སོགས་ཀྱིས་ཀྱང《བཀྲ་ཤིས་ཤོག》དང་། 《གནམ་མཚོའི་བརྩེ་བ》སོགས་འཁྲབ་སྟོན་བྱས་པས་ལྟད་མོ་བ་ཚོའི་དགའ་བསུ་ཆེན་པོ་ཐོབ་པ་རེད། འཁྲབ་སྟོན་ཁྲོད། གླུ་གར་གཙོ་བོར་བྱས་ནས་ལྷ་སའི་ལོ་རྒྱུས་དང་། རིག་གནས། རང་བྱུང་ཡུལ་ལྗོངས། ཡུལ་སྲོལ་གོམས་གཤིས་བཅས་གསར་རྩོམ་གྱི་ཁུངས་སྣེར་བྱས་ཤིང་། 《མེས་རྒྱལ་བསྐལ་བརྒྱར་བརྟན་པར་ཤོག》ཅེས་པ་དང་། 《གནམ་མཚོའི་འཚོལ་སྙེག》 《ལྷ་སའི་སྐྱིད་གླུ》 《བཀྲ་ཤིས་བདེ་ལེགས》བཅས་ཁག་བཞི་ལས་གྲུབ་ཡོད། ལྷ་སའི་ཡུལ་སྲོལ་གོམས་གཤིས་གང་ལེགས་སྤྱད་པས། བོད་རིགས་ཀྱི་གླུ་གར་དང་སྲོལ་རྒྱུན་གྱི་སྒྱུ་རྩལ་སོགས་ཀྱི་ཆ་མང་དག་ཅིག་འཁྲབ་སྟོན་ནང་བསྡུས་ཤིང་། བརྙན་ལམ་ནས་འགྲེམས་སྟོན་བྱས་པའི་རང་བྱུང་ཡུལ་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་ཀྱིས་ལྟད་མོ་བ་ཚོར་ཡུལ་དངོས་སུ་སླེབས་པའི་ཚོར་སྣང་ཞིག་བཏོད་པ་དང་། མི་དེ་བས་མང་བས་ལྷ་སའི་ཐུན་མོང་མ་ཡིན་པའི་རིག་གནས་མྱོང་ཚོར་ཐུབ་ཡོད།
རིག་རྩལ་འཁྲབ་སྟོན་གྱི་སྤྱི་ཁྱབ་འཁྲབ་ཁྲིད་པ་ཝུའེ་ཏུང་གིས་དགོང་ཚོགས་ཀྱི་ལེ་ཚན་ཚང་མ་ངོ་མཚར་ཆེ་ལ་སྤུས་དག་པོ་ཡོད། དེ་དག་ནི་ཉེ་བའི་ལོ་10རིང་ང་ཚོས་བཟོས་པའི་འཁྲབ་ཚན་ཕུལ་དུ་བྱུང་བ་ཤ་སྟག་ཡིན་ལ་ལེགས་སྒྲིག་ཡང་ཡང་བྱས་ནས་ཆུ་ཚད་ངེས་ཅན་ཞིག་ཏུ་སླེབས་རྗེས་སྐུ་མགྲོན་ཚོར་འཁྲབ་སྟོན་བྱས་པ་ཡིན། དགོང་ཚོགས་ཀྱི་བརྩམས་ཆོས་དང་རྒྱབ་ལྗོངས་ཚང་མས་ལྷ་སའི་རང་བྱུང་ཡུལ་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སོགས་མཚོན་པར་བྱས་ནས་ཡུལ་སྐོར་བ་དེ་བས་མང་བས་ལྷ་སའི་མཛེས་སྡུག་མཐོང་ཐུབ་པ་དང་།ལྷ་སར་ཡུལ་སྐོར་དུ་ཡོང་རྒྱུའི་ཡིད་དབང་འགུགས་ཐུབ་པར་བྱས་ཡོད་ཅེས་བཤད།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社