ཉེ་བའི་ལོ་ཤས་རིང་། སྟག་རྩེ་ཆུས་ཀྱིས་གད་སྙིགས་རིགས་དབྱེའི་རྗེས་སྒྱུར་བྱེད་ས་སྒོ་རྩིས་ཚོང་ཁང་དམ་འཛིན་བྱ་གཞིར་བྱས་ཏེ“དྲ་སྦྲེལ+”རྣམ་པ་བརྒྱུད་འཚོ་བའི་གད་སྙིགས་འབྱུང་རྩ་ནས་རིགས་དབྱེ་དང་།བསྡུ་སྐྱེལ་བྱེད་པའི་དོ་དམ་གྱི་རྣམ་པ་མངོན་འགྱུར་ཡོང་བར་བྱས་ནས་གྲོང་མི་རྣམས་གད་སྙིགས་རིགས་དབྱེའི་ལས་དོན་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ།གྲོང་མིའི་གད་སྙིགས་རིགས་དབྱེ་དེ“ངས་བགོ་དགོས་པ”ནས“ངས་བགོས་ཀྱི་ཡིན”གྱི་བསམ་བློར་འགྱུར་ལྡོག་བྱུང་ཡོད་པ་རེད།
གསར་འགོད་པ་སྟག་རྩེ་ཆུས་ཀྱི་གད་སྙིགས་རིགས་དབྱེའི་སྐར་བསགས་རྗེས་སྒྱུར་སྒོ་རྩིས་ཚོང་ཁང་དུ་འགྲོ་སྐབས་སྒོ་རྩིས་ཚོང་ཁང་དེའི་ཟོག་སྒྲོམ་ཐོག་འཚོ་བའི་མཁོ་ཆས་སྣ་ཚོགས་བཞག་ཡོད་པ་དང་། གྲོང་མིས་གད་སྙིགས་རིགས་དབྱེའི་སྐར་བསགས་ཀྱི་སྒྲིག་སྲོལ་སྔར་བས་ཤེས་རྟོགས་ཐུབ་པར་བྱ་ཆེད། ལས་དོན་མི་སྣས་ཆེད་མངགས་སྐར་བསགས་རེའུ་མིག་ཅིག་བཟོས་ནས་སྐར་མ་ངེས་ཅན་ཟིན་པའི་གྲོང་མིས་འབྲས་དང་།སྣུམ།འདག་རྫས་སོགས་རྒྱུན་གཏན་འཚོ་བའི་མཁོ་ཆས་དང་བརྗེ་ལེན་བྱེད་ཆོག་པས་ཡུད་ཙམ་མ་སོང་བར་། གྲོང་མི་མི་ཉུང་བ་ཞིག་གིས་དུས་རྒྱུན་གསོག་འཇོག་བྱས་པའི་འཚོ་བའི་བེད་མེད་གད་སྙིགས་ཁྱེར་ནས་དེ་མཚུངས་ཀྱི་འཚོ་བའི་མཁོ་ཆས་བརྗེས་ཀྱི་ཡོད་པ་ཤེས་རྟོགས་བྱུང་བ་རེད།
ཐོག་མཐའ་བར་གསུམ་དུ་སྟག་རྩེ་ཆུས་ཀྱིས་སྐར་བསགས་ལམ་ལུགས་ཀྱི་བཅོས་སྒྲིག་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ“སྐར་བསགས་དངོས་བརྗེའི”རྣམ་པའི་ཐོག་ནས“གད་སྙིགས་ནོར་བུར་འགྱུར་བ”དང“དྲ་སྦྲེལ+”ལ་བརྟེན་ནས་སྟག་རྩེ་ཆུས་ཀྱི་གད་སྙིགས་བཅོས་སྒྲིག་གི་མཐའ་མའི་འགག་གནད་བསལ་བས་དཔལ་འབྱོར་གྱི་ཕན་འབྲས་དང་།སྤྱི་ཚོགས་ཀྱི་ཕན་འབྲས།ཁོར་ཡུག་སྲུང་སྐྱོང་གི་ཕན་འབྲས་བཅས་མཐོ་རུ་ཕྱིན་ཡོད། ཉིན་དེར། སྟག་རྩེ་ཆུས་གད་སྙིགས་རིགས་དབྱེའི་སྐར་བསགས་སྒོ་རྩིས་ཚོང་ཁང་གི་ཚོང་དཔོན་ཚེ་རིང་ལ་ཉེ་འགྲམ་གྱི་གྱོན་ཆས་ཚོང་ཁང་ཞིག་གི་ཤོག་སྒམ་རིགས་ཚུར་བསྡུའི་མངགས་ཐོ་འབྱོར་བས་དུས་ཚོད་དང་པོར་མངགས་ཐོ་འགོད་མཁན་དང་འབྲེལ་བ་བྱེད་པ་དང་། དེ་རྗེས་ཚོང་པས་ཁ་ཆད་བྱས་པའི་དུས་ཚོད་ལྟར་ཚོང་ཁང་ནང་བསྐྱོད་པ་རེད། ཁོང་ཚོས་བྱང་ཆུབ་པའི་སྒོ་ནས་སྐུ་མགྲོན་གྱིས་ཐག་གཅོད་བྱེད་དགོས་པའི་གད་སྙིགས་རིགས་དབྱེ་ལེགས་སྒྲིག་བྱས་པར་མ་ཟད། ཤོག་སྒམ་རྙིང་པ་དང་ཤོག་སྙིགས་སོགས་གློག་རྡུལ་རྒྱ་མའི་ཐོག་བཞག་ནས་ལྗིད་ཚད་འཇལ་བ་དང་། མཐར་སྐད་འཕྲིན་གྱི་གོ་རིམ་ཆུང་གྲས་ནང་རྒྱ་མའི་གྲངས་ཀ་བླུགས་ནས་སྟེགས་བུ་བརྒྱུད་སྐར་མ་གསོག་འཇོག་བྱས་པ་རེད། སྟག་རྩེ་ཆུས་ཀྱི་གྲོང་མི་ཚེ་རིང་ལྷ་མཚོས་སྟག་རྩེ་ཆུས་སུ་གད་སྙིགས་རིགས་དབྱེའི་སྐར་བསགས་སྒོ་རྩིས་ཚོང་ཁང་ཞིག་བཙུགས་པ་དེ་ཧ་ཅང་ཡག་པོ་འདུག ཁོང་ཚོས་རྟག་ཏུ་སྒོ་རྩར་ཡོང་ནས་གད་སྙིགས་སྣ་ཚོགས་ཚུར་བསྡུ་བྱེད་པ་དང་རིགས་དབྱེ་བྱེད་ཀྱི་ཡོད་པར་མ་ཟད།ད་དུང་ང་ཚོར་སྐར་མ་གསོག་འཇོག་བྱས་ནས་འཚོ་བའི་དངོས་རྫས་དང་བརྗེ་ལེན་བྱེད་དུ་འཇུག་གི་འདུག་ཅེས་བཤད།
སྐར་མ་ཐོ་འགོད་བྱེད་བཞིན་པའི་ཚེ་རིང་གིས་རྒྱུན་གཏན་སྐུ་མགྲོན་གྱིས་སྐད་འཕྲིན་གྱི་གོ་རིམ་ཆུང་གྲས་བརྒྱུད་སྒོ་རྩར་ཚུར་བསྡུའི་མངགས་ཐོ་ཁ་ཆད་བྱས་ཚེ་ང་ཚོས་མངགས་ཐོ་བརྒྱུད། གནས་ཡུལ་གཞིར་བཟུང་དུས་ཐོག་ཏུ་སྒོ་རྩར་ཚུར་བསྡུ་བྱེད་པར་ཡོང་བ་དང་ཁ་ཆད་ས་ཚིགས་སུ་འབྱོར་རྗེས་ང་ཚོས་ལྗིད་ཚད་འཇལ་བ་དང་སྐར་མ་ཐོ་འགོད་བྱེད་ཀྱི་ཡོད་ཅེས་བཤད།
“དྲ་སྦྲེལ+”རྣམ་པའི་དྲ་ཐོག་ལས་སྟེགས་བརྒྱུད་སྟབས་བདེའི་ཚུར་བསྡུའི་ཞབས་ཞུ་མཁོ་འདོན་བྱེད་པ་དང་།སྐུ་མགྲོན་གྱིས་ལག་ཐོགས་ཁ་པར་གྱི་Appའམ་ཡང་ན་དྲ་ཚིགས་བརྒྱུད་ཚུར་བསྡུའི་ཞབས་ཞུ་ཁ་ཆད་བྱས་ཆོག རང་འགུལ་ངང་ཚུར་བསྡུའི་ས་ཚིགས་སུ་བསྐྱོད་པའམ་ཡང་ན་བེད་མེད་ཟོག་རོ་ཚུར་བསྡུ་བྱེད་མཁན་སྒོ་རྩར་ཡོང་ནས་བསྡུ་ལེན་བྱ་རྒྱུར་སྒུག་སྡོད་དགོས་ཀྱི་མེད། རྣམ་པ་དེ་རིགས་ཀྱིས་སྐུ་མགྲོན་གྱི་དུས་ཚོད་དང་སེམས་ཤུགས་གྲོན་ཆུང་ཐུབ་པ་དང་སྐུ་མགྲོན་གྱི་མྱོང་ཚོར་མཐོ་རུ་ཕྱིན་ནས་གྲངས་འབོར་ངེས་ཅན་གྱི“གད་སྙིགས་རིགས་དབྱེའི་སྐར་མ་བསགས་རྗེས”གྲོང་མི་རྣམས་ཀྱི་རང་མཁོ་ལྟར་དངོས་པོ་བརྗེ་ཆོག་གི་ཡོད། དེ་དང་ཆབས་ཅིག་གད་སྙིགས་རིགས་དབྱེའི་སྐར་བསགས་སྒོ་རྩིས་ཚོང་ཁང་གི་དོ་དམ་ལམ་ལུགས་ལ་ནན་པོར་གཞིགས་ནས་ཞིབ་ཕྲའི་རིན་གོང་གི་ཚད་གཞི་ལྟར་དངོས་པོ་བརྗེ་བ་ལས་རང་འགར་དངོས་པོ་བརྗེ་ཆོག་གི་མེད། སྒོ་རྩིས་ཚོང་ཁང་གཉེར་སྐྱོང་ཕྱོགས་ཀྱིས་སྟག་རྩེ་ཆུས་གྲོང་ཁྱེར་དོ་དམ་ཅུས་ཀྱི་ལྟ་སྐུལ་དོ་དམ་འོག བརྗེ་རྒྱུའི་དངོས་རྫས་ཁ་གསབ་བྱ་རྒྱུའི་འགན་འཁུར་རྒྱུ་དང་། དངོས་རྫས་མཛོད་འཇུག་ཐོ་འགོད་ཡག་པོ་བྱས་ནས་དངོས་རྫས་འདང་ངེས་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།
བོད་ལྗོངས་སྟག་རྩེ་ནུས་རྒྱུ་ཞབས་ཞུ་ཚད་ཡོད་ཀུང་སིའི་འགན་འཁུར་བ་མཁའ་འགྲོས་འདི་ལོ་སྟག་རྩེ་ཆུས་གྲོང་ཁྱེར་དོ་དམ་ཅུས་ཀྱིས་འཚོ་བའི་གད་སྙིགས་རིགས་དབྱེའི་དོ་དམ་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་འཚོ་བའི་གད་སྙིགས་རིགས་དབྱེ་དང་།བསྡུ་ལེན། བརྒྱུད་འདྲེན་བཅས་གཞི་གཅིག་ཅན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་ཡིན་ལ། ཕྱིས་འབྱུང་། ཤང་དང(གྲོང་རྡལ)ཁག་གཅིག་ཏུ་གད་སྙིགས་རིགས་དབྱེའི་སྐར་བསགས་སྒོ་རྩིས་ཚོང་ཁང་བཙུགས་ནས“དྲ་སྦྲེལ+”སྤྱད་དེ་གད་སྙིགས་རིགས་དབྱེའི་ལས་དོན་ལ་རོགས་རམ་བྱས་ནས་གད་སྙིགས་ནོར་བུར་འགྱུར་བའི་འདུ་ཤེས་མི་སེམས་སུ་འཇགས་པར་བྱ་རྒྱུ་ཡིན་ཞེས་བཤད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社