ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ད་ལོ་ཚུན།ལྷ་ས་མཐོ་གསར་ལག་རྩལ་ཁུལ(སྣེའུ་ཁུལ་གསར)དོ་དམ་ཨུ་ལྷན་གྱིས་བྱང་ངོས་ཚོགས་སྒྲིག་གྲོང་ཁྱེར་གསར་སྒྱུར(འགྲོ་ལམ་ཁག་གཅིག་ལེགས་བཅོས)རྣམ་གྲངས་ལག་བསྟར་བྱས་པ་དང་། ཐུང་ཀྲང་ལམ་དང་། གྲོང་གསར་ལྷོ་ལམ། ཐའོ་ལི་ཁྲོམ་ཆེན་སོགས་ཚུད་པའི་ལྷ་ས་མཐོ་གསར་ལག་རྩལ་ཁུལ(སྣེའུ་ཁུལ་གསར)བྱང་ངོས་ཚོགས་སྒྲིག་གི་འགྲོ་ལམ་30ལ་ཉིན་40ལྷག་ཙམ་རིང་འགྲོ་ལམ་སྒྱུར་བཅོས་བྱས་ཡོད། མིག་སྔར་ལམ་ཐིག་ཡོངས་ཤར་གཏོང་ཐུབ་པ་དང་། ལེགས་བཅོས་བྱས་པའི་འགྲོ་ལམ་རྒྱ་ཆེ་ལ་ཁོད་སྙོམས་པས་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་མངོན་གྱི་ཡོད།
ལྷ་ས་མཐོ་གསར་ལག་རྩལ་ཁུལ(སྣེའུ་ཁུལ་གསར)ཤར་སྐོར་ལམ་ནི་ཁོངས་གཏོགས་ཁུལ་གྱི་གྲོང་ཁྱེར་གྱི་གཞུང་ལམ་གཙོ་བོ་ཞིག་ཡིན་པ་དང་ཕྱོགས་གཉིས་སུ་འཁོར་ལམ་དྲུག་ཡོད་པར་མ་ཟད། ད་ཐེངས་ཀྱི་འགྲོ་ལམ་ལེགས་བཅོས་རྣམ་གྲངས་ཀྱི་གཙོ་གནད་ལམ་བུའི་གྲས་ཤིག་ཀྱང་རེད། རྣམ་གྲངས་འཛུགས་སྐྲུན་གྱི་ནང་དོན་ནང་སྔར་ཡོད་ཨར་འདམ་ལམ་ངོས་ཀྱི་གཏོར་སྐྱོན་ཉམས་གསོ་དང་གསབ་སྣོན། ལམ་ངོས་སུ་སྣུམ་སྙིགས་འདིང་བ། ལམ་ངོས་སུ་རྟགས་རིས་འགོད་པ་སོགས་ཚུད་ཡོད་པ་རེད། འགྲོ་ལམ་སྒྱུར་བཀོད་ཀྱི་ལས་ཀར་གྲོང་མིའི་ཁས་ལེན་ཐོབ་ཡོད།
བྱང་ངོས་ཚོགས་སྒྲིག་གྲོང་ཁྱེར་གསར་བརྗེའི(འགྲོ་ལམ་ཁག་གཅིག་ལེགས་སྒྱུར་བྱེད་པ)རྣམ་གྲངས་ལ་མ་དངུལ་བསྡོམས་སྒོར་ཁྲི་7560.09བཏང་བ་དང་ཐུང་ཀྲང་ལམ་དང་དམངས་དོན་ལམ་སོགས་ཚུད་པའི་བྱང་ངོས་ཚོགས་སྒྲིག་གི་འགྲོ་ལམ་30ཡི་སྤྱི་ལེ་19.874དང་འབྲེལ་བ་ཡོད་པ་རེད། རྣམ་གྲངས་བེད་སྤྱོད་བཏང་རྗེས་ལྷ་ས་མཐོ་གསར་ལག་རྩལ་ཁུལ(སྣེའུ་ཁུལ་གསར)གྱི་གྲོང་ཁྱེར་གྱི་ནུས་པ་སྔར་བས་འཐུས་ཚང་དུ་བཏང་ནས་འགྲོ་ལམ་གྱི་བདེ་འཇགས་རང་བཞིན་དང་སྐྱིད་སྣང་དོད་པའི་རང་བཞིན་ཆེ་རུ་འགྲོ་རྒྱུ་ཡིན་པ་རེད།
ལྷ་ས་མཐོ་གསར་ལག་རྩལ་ཁུལ(སྣེའུ་ཁུལ་གསར)དོ་དམ་ཨུ་ལྷན་འཛུགས་སྐྲུན་ཅུས་ཀྱི་ལས་དོན་མི་སྣ་ཀྲའོ་ཅའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་སྣེའུ་ཁུལ་གསར་གྱིས་གྲོང་ཁྱེར་གསར་བརྗེས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་ན་ནིང་སྣེའུ་ཁུལ་གསར་བྱང་ངོས་ཚོགས་སྒྲིག་གི་ས་འོག་མདོང་ལམ་སྒྱུར་བཀོད་རྣམ་གྲངས་ལེགས་གྲུབ་བྱུང་བ་ནས་བཟུང་། འདི་ལོ་སྣེའུ་ཁུལ་གསར་བྱང་ངོས་ཚོགས་སྒྲིག་གྲོང་ཁྱེར་གསར་བརྗེས(འགྲོ་ལམ་ཁག་གཅིག་ལེགས་སྒྱུར)རྣམ་གྲངས་མུ་མཐུད་སྤེལ་ཡོད། རྣམ་གྲངས་དེས་གཙོ་བོ་དེ་སྔའི་སྣེའུ་ཁུལ་གསར་བྱང་ངོས་ཚོགས་སྒྲིག་གི་ཨར་འདམ་གྱི་འགྲོ་ལམ་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ་དང་། ལམ་ངོས་ཁག་གཅིག་ཁོད་སྙོམས་པོ་མེད་པ། འགྲོ་སྐྱོད་ཀྱི་འཛེར་སྒྲ་ཆེ་བ། ལམ་ངོས་ཀྱི་འོད་ལྡོག་ཚབས་ཆེན་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད། རྣམ་གྲངས་དེ་ཟླ་3ཚེས་9ཉིན་ལས་འགོ་བཙུགས་པ་དང་དེ་སྔ་ཟླ་6ཚེས་20ཉིན་ལས་མཇུག་འགྲིལ་རྒྱུའི་འཆར་གཞི་ཡོད་ཅིང་། མིག་སྔར་ཉིན་50ལྷག་ཙམ་གྱི་སྔ་སྣུར་དུ་ལས་མཇུག་འགྲིལ་ནས་གྲོང་མིར་འགྲོ་སྐྱོད་ཀྱི་ཆ་རྐྱེན་བཟང་པོ་བཏོད་ཡོད་པ་རེད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社