分享按钮

ཞི་ཅིན་ཕིང་གིས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་དང་མཇལ་མོལ་གནང་བ།

(པར་ངོས་དང་པོར་མཐུད)ཞི་ཅིན་ཕིང་གིས་ཕུའུ་ཅིང་གིས་སྐབས་གསར་པའི་སྲིད་འཛིན་གྱི་འགན་བཞེས་འགོ་ཚུགས་པར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུས་པར་མ་ཟད།ཁོང་སླར་ཡང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་གནང་བ་རེད།

ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་ཨུའི་དབར་ཕྱི་འབྲེལ་བཙུཊ་ནས་ལོ་75འཁོར་བའི་ལོ་ཞིག་རེད།ལོ་75རིང་།ཀྲུང་ཨུའི་འབྲེལ་བ་ཆར་རླུང་བརྒྱུད་དེ་ཡུན་རིང་བརྟན་དུ་ཕྱིན་པ་དང་རྒྱལ་སྤྱིའི་འགྱུར་ལྡོག་ཆེ་བའི་ཉམས་སད་ཐེག་ནས་རྒྱལ་ཁབ་ཆེན་པོ་དང་ཁྱིམ་མཚེས་རྒྱལ་ཁབ་དབར་ཕན་ཚུན་བརྩི་འཇོག་དང་།ཕན་ཚུན་ལྷག་བསམ་ཟོལ་མེད་ཀྱི་ལྟ་སྟངས་འཛིན་པ།འཆམ་མཐུན་མཉམ་གནས།གཉིས་ཕན་གཉིས་ཁེ་བཅས་ཀྱི་དཔེ་མཚོན་ཞིག་བཏོད་ཡོད།ཀྲུང་ཨུའི་འབྲེལ་བ་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་བ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པར་མ་ཟད།ས་ཁུལ་དང་ཐ་ན་འཛམ་གླིང་ཞི་བདེ་དང་།བརྟན་ལྷིང་།དར་རྒྱས་བཅས་ཡོང་བར་ཡང་ཕན་ཐོགས་ཡོད།ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཨུ་རུ་སུ་ཕྱོགས་དང་ཕན་ཚུན་ཡིད་ཆེས་བྱེད་པའི་ཁྱིམ་མཚེས་བཟང་པོ་དང་།གྲོགས་པོ་བཟང་པོ།རོགས་ཟླ་བཟང་པོ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ནས།རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་ཐུན་མོང་ཐོག་མངོན་འགྱུར་ཡོང་བར་བྱས་ཏེ་ལག་གདང་སྦྲེལ་ནས་འཛམ་གླིང་གི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ཀྲུང་ཨུའི་འབྲེལ་བ་ལོ་75རིང་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ལས་ཐོབ་པའི་སྡོམ་ཚིག་གལ་ཆེ་ཤོས་ནི་ཁྱིམ་མཚེས་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་དབར་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་དར་སྤེལ་བཏང་ནས་ཕན་ཚུན་བརྩི་འཇོག་དང་།འདྲ་མཉམ་ཡིད་རྟོན།ཕན་ཚུན་ལྟ་རྟོག་བཅས་བྱས་ཏེ་ཕྱོགས་གཉིས་པོའི་འཕེལ་རྒྱས་དང་དར་རྒྱས་འགྲོ་རྒྱུར་ཕན་ཚུན་རོགས་རམ་བྱེད་རེས་བྱས་ཡོད།དེ་ནི་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་ཡང་དག་པའི་མཉམ་གནས་ཀྱི་ཐབས་ལམ་ཞིག་ཡིན་ལ།དུས་རབས་21པའི་རྒྱལ་ཁབ་ཆེན་པོའི་འབྲེལ་བར་འབད་བརྩོན་བྱེད་དགོས་པའི་ཁ་ཕྱོགས་ཤིག་ཀྱང་ཡིན།ཀྲུང་ཨུའི་འབྲེལ་བར་ལོ་རྒྱུས་ཀྱི་གསོག་འཇོག་ཟབ་མོ་དང་དམངས་འདུན་གྱི་རྨང་གཞི་བརྟན་པོ་ལྡན་ཡོད་པས།ཕྱོགས་གཉིས་པོས་འཐབ་ཇུས་མཉམ་ལས་དང་གཉིས་ཕན་མཉམ་ལས་ལ་དམ་འཛིན་བྱས་ནས་བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་འཕེལ་རྒྱས་འགྲོ་ལམ་ཐོག་བསྐྱོད་དེ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བརྟན་པོ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

ཕུའུ་ཅིང་གིས་སྐབས་གསར་པའི་ཨུ་རུ་སུའི་སྲིད་འཛིན་གྱི་འགན་འཁུར་རྗེས་སླར་ཡང་ཀྲུང་གོར་འཚམས་འདྲིར་ཕེབས་པར་ང་ཧ་ཅང་དགའ་པོ་བྱུང་།ན་ནིང་ཟླ་3པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མུ་མཐུད་ཀྲུའུ་ཞིའི་འགན་བཞེས་གནང་ནས་ཡུན་རིང་མ་སོང་བར་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་བ་རེད།དེ་ནི་ང་ཚོ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་སྲོལ་རྒྱུན་ཡིན་པ་དང་།ཕྱོགས་གཉིས་པོས་དུས་རབས་གསར་པའི་ཨུ་རུ་སུ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་མཚོན་ཡོད།འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཡིན་ལ་ཨུ་རུ་སུ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་ཞིག་ཀྱང་ཡིན་པས་ང་ཚོས་ཐུན་མོང་ཐོག་རྟེན་འབྲེལ་ཞུ་འོས་པ་ཞིག་རེད།ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི་སྐབས་བསྟུན་གྱི་བྱེད་ཐབས་ཤིག་མིན་ལ་ཕྱོགས་གསུམ་པར་དམིགས་པ་ཞིག་ཀྱང་མིན་པས་རྒྱལ་སྤྱིའི་འཐབ་ཇུས་བརྟན་ལྷིང་ཡོང་བར་ཕན་ཐོགས་ཡོད།ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་གཉིས་པོའི་མཉམ་ལས་མུ་མཐུད་རྒྱ་ཆེར་གཏོང་བ་དང་།མཉམ་འབྲེལ་རྒྱལ་ཚོགས་དང་།འབོ་གསེར་རྒྱལ་ཁབ།ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་སྒྲོམ་གཞིའི་ནང་འབྲེལ་གཏུཊ་དང་མཉམ་ལས་དམ་ཟབ་བྱས་ཏེ།སྔར་བས་དྲང་གཞག་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དེ་རྗེས་ཁྱབ་ཁོངས་ཆེན་པོའི་གྲོས་མོལ་གཙོ་སྐྱོང་གནང་བ་རེད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དབར་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་ཁག་གི་ཕྱོགས་གཉིས་པོའི་ཀྲུའུ་ཞིས་མ་འཇོག་དང་།ནུས་རྒྱུ།དཔལ་འབྱོར་ཚོང་དོན།བྱང་ཤར་ནས་ཨེ་ཤེ་ཡ་ཤར་ཁུལ།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་རྒྱལ་སྤྱི་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གནས་ཚུལ་སྙན་སེང་ཞུས་པར་གསན་ནས་ཐོབ་པའི་འཕེལ་རྒྱས་ལ་བློ་མགུ་པོ་བྱུང་བ་དང་འབྱུང་འགྱུར་གྱི་མཉམ་ལས་གྲོས་འགོར་ཁས་ལེན་གནང་བ་རེད།

ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་ཨུའི་འབྲེལ་བའི་འཕེལ་རྒྱས་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ལོ་གལ་ཆེན་ཞིག་རེད།ཀྲུང་གོ་དང་ཨུ་རུ་སུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75སོང་རིང་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་རྒྱལ་ཁབ་ཆེན་པོ་དང་ཁྱིམ་མཚེས་རྒྱལ་ཁབ་དབར་ཕན་ཚུན་བརྩི་འཇོག་དང་།འཆམ་མཐུན་མཉམ་གནས།མཉམ་ལས་གཉིས་ཁེ་བཅས་ཀྱི་འགྲོ་ལམ་གསར་རྐྱང་ཞིག་གི་ཐོག་ཏུ་བསྐྱོད་ཡོད།ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྟེན་ཀྲུང་ཨུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་ངང་མདུན་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ་དང་།རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུཊ་སྣོན་བརྒྱབ་པ།དཔལ་འབྱོར་ཚོང་དོན་དང་།མ་འཇོག ནུས་རྒྱུ།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས།ས་ཁུལ་སོཊ་ཁྱབ་ཁོངས་ཀྱི་མཉམ་ལས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་ལ་སྲུང་སྐྱོང་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་རེད།ཀྲུང་གོ་ཕྱོགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཐོན་སྐྱེད་ནུས་ཤུཊ་གསར་པ་འཕེལ་རྒྱས་མགྱོགས་སུ་བཏང་བར་མ་ཟད།གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་འགུལ་ཤུགས་གསར་པ་སྣོན་བཞིན་ཡོད།ཀྲུང་ཨུ་རྒྱལ་ཁབ་གཉིས་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་གཙོ་བོ་ཡིན་པས་ཕྱོགས་གཉིས་པོས་འཐབ་ཇུས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་རྒྱུ་དང་འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་བསྟུན་རྒྱུ་དེ་ནི་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་འཐབ་ཇུས་གདམ་ག་ཞིག་རེད།ཕྱོགས་གཉིས་པོས་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བ་དེ་འགོ་འཛུགས་ས་གསར་པར་བྱས་ཏེ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་།ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ནང་དོན་རྒྱུན་མཐུད་ངང་ཕུན་སུམ་ཚོགས་སུ་གཏོང་བ།རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་བསྐྲུན་ཏེ་འཛམ་གླིང་དར་རྒྱས་བརྟན་ལྷིང་ཡོང་ཆེད་དྲང་ཕྱོཊ་ཀྱི་ནུས་ཤུཊ་དེ་བས་མང་བ་ལེགས་སྐྱེས་སུ་འབུལ་དགོས།ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་མཉམ་ལས་གྲུབ་ཆ་སྔར་བས་ལེགས་སུ་བཏང་ནས་དཔལ་འབྱོར་ཚོང་དོན་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་འཕེལ་ཕྱོགས་བཟང་པོ་སྲ་བརྟན་དུ་གཏོང་དགོས།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཀྱི་བཀྲག་མདངས་འཚེར་ས་དེ་བས་མང་བ་བཏོད་ནས་ཀྲུང་ཨུའི་རིག་གནས་ལོ་ཐུན་མོང་ཐོག་ཡག་པོ་གཉེར་བ་དང་།ས་ཁུལ་གྱི་མཉམ་ལས་དམ་ཟབ་བྱས་ནས་དམངས་སེམས་ཀྱི་སྦྲེལ་ཐག་མུ་མཐུད་དམ་དུ་གཏོང་དགོས་མཉམ་འབྲེལ་རྒྱལ་ཚོགས་དང་།འབོ་གསེར་རྒྱལ་ཁབ།ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་རྒྱལ་སྤྱིའི་ཕྱོགས་མང་ལས་སྟེགས་དང་དེ་བཞིན་ས་ཁུལ་ལས་དོན་ཁྲོད་ཀྱི་འབྲེལ་གཏུགས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྤྱིའི་འགན་འཁྲི་མངོན་པ་དང་།དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

ཕུའུ་ཅིང་གིས་ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དབར་གྱི་མཉམ་ལས་ལམ་སྲོལ་འཁོར་སྐྱོད་ཡག་པོ་བྱུང་བ་དང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་།ཞིང་ལས།བཟོ་ལས།ནུས་རྒྱུ།ཕན་ཚུན་འབྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད།ཨུ་རུ་སུ་དང་ཀྲུང་གོ་འབྲེལ་བ་འཛུགས་པ་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཁྱིམ་མཚེས་རྒྱལ་ཁབ་མཛའ་མཐུན་དང་།ཕན་ཚུན་བརྩི་འཇོག རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་ལ་རོགས་རམ་བྱེད་པ་སོགས་ཀྱི་རྩ་དོན་ལ་གཞིགས་ནས་ཚོད་བགམ་སྣ་ཚོགས་ཐེག་ཐུབ་ཡོད།དེ་རིང་ཕྱོགས་གཉིས་པོས་མཉམ་ལས་ཡིག་ཆ་རབ་དང་རིམ་པར་མིང་རྟགས་བཀོད་པ་དེའི་ཐོག་ནས་ཕྱོགས་གཉིས་པོས་མཉམ་ལས་གཉིས་ཕན་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་རྒྱ་ཆེར་གཏོང་བའི་ཆོད་སེམས་མཚོན་ཡོད།ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ《2030ལོའི་གོང་གི་ཨུ་རུ་སུ་དང་ཀྲུང་གོའི་དཔལ་འབྱོར་མཉམ་ལས་འཆར་འགོད》དོན་འཁྱོལ་ཡག་པོ་བྱས་ནས་འདི་ལོའི་ཨུ་རུ་སུ་དང་ཀྲུང་གོའི་རིག་གནས་ལོའི་བྱེད་སྒོ་ཡག་པོ་གཉེར་བ་དང་།ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་གྲོས་འགོ་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད།སང་ལོར་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་བསུ་བ་ཞུ་རྒྱུ་ཡིན་པ་དང་།ཨུ་རུ་སུ་དང་ཀྲུང་གོ་ཕྱོགས་གཉིས་པོས་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་རྒྱུ་རེད།ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ས་ཁུལ་གྱི་ལས་དོན་གལ་ཆེན་ཁྲོད་དོན་དངོས་དང་མཐུན་པའི་གཞུང་དྲང་གི་ལངས་ཕྱོགས་བཟུང་བར་ཨུ་རུ་སུ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་པ་དང་།ཀྲུང་གོ་ཕྱོཊ་དང་མུ་མཐུད་འཐབ་ཇུས་མཉམ་ལས་དམ་ཟབ་དང་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་ཏེ་འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སྐུལ་འདེད་བཏང་སྟེ་ཨུ་རུ་སུ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

གྲོས་མོལ་གནང་རྗེས།རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱིས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་སྐབས་སུ་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲཊ》ལ་ཐུན་མོང་ཐོག་མིང་རྟགས་བཀོད་པ་དང་འབྲེལ།དཔལ་འབྱོར་ཚོང་དོན་དང་།རང་བྱུང་སྲུང་སྐྱོང་།ནད་ཡམས་ལ་ཞིབ་བཤེར་དང་བརྟག་དཔྱད།སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོ་ཞིག་ལ་ཐུན་མོང་ཐོག་མིང་རྟགས་བཀོད་པ་དང་འབྲེལ་དཔང་པོའང་གནང་བ་རེད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་ཐུན་མོང་ཐོག་གསར་འགོད་པ་དང་ཐུག་འཕྲད་གནང་བ་རེད།

གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་ཕུའུ་ཅིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་པ་རེད།

ཕུའུ་ཅིང་ཕེབས་འབྱོར་གནང་སྐབས་གུས་དམག་གིས་གྲལ་བསྒྲིགས་ནས་གུས་འདུད་ཞུས་པ་རེད།རྒྱལ་ཁབ་གཉིས་པོའི་གཙོ་བདག་ཞིབ་བཤེར་སྟེགས་བུའི་ཐོག་འཛེགས་ཤིང་།དམག་དཔུང་རོལ་དབྱངས་ཚོགས་པས་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ཞིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གུས་ཞབས་མེ་སྒྱོགས་21བརྒྱབ་པ་རེད།ཕུའུ་ཅིང་གིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྒྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ་ཁག་བགོས་རྣམ་པའི་འཁྲབ་སྟོན་ལ་གཟིགས་གནང་བ་རེད།ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་ལོ་ཆུང་བྱིས་པའི་ལག་ཏུ་མེ་ཏོག་ཆུན་པོ་དང་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་བཟུང་ནས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་ལ་དགའ་འབོད་དང་གུས་འདུད་ཞུས་པ་རེད།

ཉིན་དེའི་ཉིན་གུང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཕུའུ་ཅིང་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།

ཚའེ་ཆི་དང་།ཏིང་ཤུའེ་ཞང་།ཝང་དབྱི།ཧོ་ལི་ཧྥེང་།ཀྲང་གོ་ཆིང་།ཁྲེན་དབྱི་ཆིན་སོགས་གོང་གསལ་བྱེད་སྒོར་ཞུགས་པ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-18 6 6 拉萨日报藏文 c181112.html 1 ཞི་ཅིན་ཕིང་གིས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་དང་མཇལ་མོལ་གནང་བ། /enpproperty-->