分享按钮

གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་སློབ་གསོ་གྲོང་ཡན་ལག་སློབ་གྲྭས་མེ་ཟོན་བདེ་འཇགས་ཐད་ཀྱི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སློབ་གྲྭའི་བདེ་འཇགས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། སློབ་གྲྭའི་དགེ་སློབ་ཡོངས་ཀྱི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཐོལ་བྱུང་མེ་སྐྱོན་གྱི་གནོད་འཚེ་ཕོག་སྐབས་དགེ་སློབ་ཀྱི་སྲོག་ཉེན་ལས་ཐར་བའི་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་ཆེད་དུ། འདི་ལོའི་གནོད་འཚེ་སྔོན་འགོག་དང་ཆུང་དུ་གཏོང་བའི་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས། ཟླ་5ཚེས་15ཉིན། ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་སློབ་གསོ་གྲོང་ཡན་ལག་སློབ་གྲྭས་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་ཚལ་གྲོང་ཚོ་ཨུ་ལྷན་དང་། ཁོངས་གཏོགས་ཁུལ་གྱི་མངགས་གཏོང་ཁང་།དེ་བཞིན་ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག་གི་དམིགས་བསལ་ལས་སྒྲུབ་ས་ཚིགས་གཉིས་པ་བཅས་ཀྱི་གཞོགས་འདེགས་འོག དགེ་སློབ་ཚོ་སྒྲིག་འཛུགས་བྱས་ནས་མི་ཚང་མས་བདེ་འཇགས་ལ་མཐོང་ཆེན་དང་མི་ཚང་མས་འཕྲལ་སྡོམ་བྱེད་ཤེས་པ་ཞེས་པའི་གཙོ་དོན་དུ་བྱས་པའི་གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་བའི་འཕྲལ་སྡོམ་ཁ་འགྲེམ་ནང་སྦྱོང་དང་མེ་ཟོན་བདེ་འཇགས་སློབ་གསོ་སློབ་གྲྭར་སྤེལ་བ་རེད།

སྔ་དྲོའི་ཆུ་ཚོད་10པར། གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་བའི་ཁ་འགྲེམ་ནང་སྦྱོང་བྱེད་སྒོ་འགོ་ཚུགས་པའི་དུང་བརྡ་གྲགས་པ་དང་བསྟུན་ནས། སློབ་མ་ཚོས་ཉལ་ཁང་དང་སློབ་ཁང་ནས་མར་བབས་ཏེ། སྔོན་བཀོད་ལམ་ཐིག་ལྟར་གོ་རིམ་ལྡན་པའི་སྒོ་ནས་ལུས་རྩལ་ཐང་དུ་ཡོང་བ་དང་། འཛིན་གྲྭ་ཁག་གིས་མགྱོགས་མྱུར་ངང་མི་གྲངས་རྩིས་བཤེར་བྱས་ནས་སློབ་མ་ཚང་མ་ལུས་རྩལ་ཐང་དུ་སླེབས་ཡོད་མེད་ལ་འགན་ལེན་བྱས་པ་རེད། ཁ་འགྲེམ་ནང་སྦྱོང་མཇུག་འགྲིལ་རྗེས། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག་གི་དམིགས་བསལ་ཞབས་ཞུ་རུ་ཆེན་གྱི་མེ་ཟོན་དཔོན་དམག་གིས་རྒྱ་ཆེའི་དགེ་སློབ་ཚོར་མེ་ཟོན་ཡོ་བྱད་སྣ་ཚོགས་ཀྱི་ནུས་པ་འགྲེམས་སྟོན་དང་འགྲེལ་བཤད་བརྒྱབ་པ་དང་། ཡུལ་དངོས་སུ་མེ་གསོད་ཡོ་བྱད་བེད་སྤྱོད་བྱེད་སྟངས་འགྲེམས་སྟོན་བྱས་པ་དང་འབྲེལ་དགེ་སློབ་ཀྱི་འཐུས་མི་གདན་དྲངས་ནས་བཀོལ་སྤྱོད་བྱེད་དུ་བཅུག་པ་རེད། དགེ་སློབ་ཚོས་ད་ཐེངས་ཀྱི་ནང་སྦྱོང་བརྒྱུད། རང་ཉིད་ཀྱི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ་དང་། འཕྲལ་སྡོམ་ཉེན་གཡོལ་གྱི་ནུས་པ་ཆེ་རུ་བཏང་བ། འཕྲལ་སྡོམ་བྱ་སྤྱོད་ཀྱི་གོམས་གཤིས་གསོ་སྐྱོང་བཅས་བྱས་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད། ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་སློབ་གསོའི་གྲོང་ཡན་ལག་སློབ་གྲྭའི་ལོ་རིམ་ལྔ་པའི་འཛིན་གྲྭ་དྲུག་པའི་སློབ་མ་ཚེ་རིང་གཡང་འཛོམས་ཀྱིས་ད་ཐེངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་བའི་གི་ཁ་འགྲེམ་ནང་སྦྱོང་བྱས་པ་བརྒྱུད། ངས་རང་བྱུང་གནོད་འཚེ་ཐོན་སྐབས་སྲོག་ཉེན་ལས་ཐར་བའི་ཐབས་ཤེས་ཁོང་དུ་ཆུད་པ་དང་། རང་ཉིད་དང་མི་གཞན་ལ་ཇི་ལྟར་བྱས་ནས་སྲུང་སྐྱོབ་བྱེད་དགོས་པ། མེ་གསོད་ཡོ་བྱད་ཇི་ལྟར་བྱས་ནས་བེད་སྤྱོད་བྱེད་པ་སོགས་གསལ་པོ་ཤེས་བྱུང་ཞེས་བཤད།

ད་ཐེངས་ཀྱི་ཁ་འགྲེམ་ནང་སྦྱོང་གི་བྱེད་སྒོ་དེ་སློབ་ཁྲིད་ཁུལ་དང་ཉལ་ཁང་ཁུལ་དུ་དུས་གཅིག་ཏུ་སྤེལ་ཡོད་པ་རེད། ནང་སྦྱོང་ཧྲིལ་པོ་མགྱོགས་མྱུར་དང་། བདེ་འཇགས། གོ་རིམ་ལྡན་པ་བཅས་བྱུང་ནས་སྔོན་དཔག་གི་དམིགས་ཡུལ་བསྒྲུབས་པ་དང་གྲུབ་འབྲས་ཀྱང་ཡག་པོ་ཐོབ་ཡོད། སློབ་གྲྭ་དེའི་བདེ་འཇགས་འཕྲོད་བསྟེན་གཞུང་དོན་ཁང་གི་ཀྲུའུ་རེན་བསྟན་འཛིན་ཚེ་རིང་གིས་ད་ཐེངས་ཀྱི་བྱེད་སྒོའི་ཁྲོད་ང་ཚོས་ཁོངས་གཏོགས་ཁུལ་གྱི་འབྲེལ་ཡོད་མི་སྣ་སྐུལ་སློང་བྱེད་པ་དང་། ཕྱོགས་གསུམ་ཚན་པས་མཉམ་འགུལ་བྱས་པ་བརྒྱུད། སློབ་མའི་འཕྲལ་སྡོམ་ནུས་པ་དང་སྲོག་ཉེན་ལས་ཐར་བའི་ནུས་པར་སྦྱོང་བརྡར་ཡག་པོ་ཐོབ་པར་མ་ཟད། རྒྱབ་ཕྱོགས་མཁོ་སྒྲུབ་དགེ་རྒན་ཚོས་ཀྱང་རྒྱུན་གཏན་འཚོ་བའི་ཁྲོད་ཀྱི་འཕྲལ་སྡོམ་བྱེད་ཐབས་ཁག་ཅིག་ཁོང་དུ་ཆུད་པར་བྱས་ཡོད་ཅེས་བཤད།

ད་ཐེངས་ཀྱི་བྱེད་སྒོའི་ཐོག དགེ་སློབ་ཚོའི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་དང་། སློབ་གྲྭའི་བདེ་འཇགས་ལས་དོན་གོ་རིམ་ལྡན་པ་དང་ནུས་ལྡན་ངང་སྤེལ་ཐུབ་པར་བྱས་ནས། བདེ་འཇགས་ལྡནཔའི་སློབ་གྲྭ་བསྐྲུན་ཐུབ་པར་འགན་ལེན་བྱས་པ་རེད།(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-18 6 6 拉萨日报藏文 c181100.html 1 གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་སློབ་གསོ་གྲོང་ཡན་ལག་སློབ་གྲྭས་མེ་ཟོན་བདེ་འཇགས་ཐད་ཀྱི་བྱེད་སྒོ་སྤེལ་བ། /enpproperty-->