(པར་ངོས་དང་པོར་མཐུད)《ཁྱོན་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས》ཞེས་པ་འཁོད་ཡོད་པ་རེད།འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་2012ལོའི་ཟླ་12པ་ནས་2024ལོའི་ཟླ་3པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་གནད་བསྡུས་ཤིག་རེད།
རྩོམ་ཡིག་ནང་ནན་གསུངས་གནང་དོན།སྒྱུར་བཅོས་སྒོ་དབྱེ་ནི་དེང་རབས་ཀྲུང་གོས་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་ཟིན་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཕམ་ཐག་གཅོད་པའི་འགག་རྩའི་བྱེད་ཐབས་ཤིག་ཀྱང་རེད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱེད་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ལོ་འདི་དག་རིང་གི་སྒྱུར་བཅོས་ལས་དོན་ལ་ཕྱི་མིག་བལྟས་ཚེ། ང་ཚོས་བཏོན་པའི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་དང་། བྱ་ཐབས་གལ་ཆེན། འགག་སྒྲོལ་གལ་ཆེན་བཅས་རབ་དང་རིམ་པ་ཚང་མ་གསར་བརྗེའི་རང་བཞིན་ལྡན་པ་ཤ་སྟག་ཡིན་ཞིང་། སྒྱུར་བཅོས་སྒོ་དབྱེ་ལ་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འཕོ་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་བཏོད་ཡོད་པ་རེད།
རྩོམ་ཡིག་ནང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་ན། ངེས་པར་དུ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་ཐོན་སྐྱེད་འབྲེལ་བ་ལེགས་སྒྲིག་བྱེད་པ་དང་རྒྱུན་ཆད་མེད་པར་འཚམ་པར་བྱེད་དགོས་ལ། དཔལ་འབྱོར་གྱི་རྨང་གཞི་འཕེལ་རྒྱས་དང་འཐུས་ཚང་དུ་གཏོང་བའི་སྟེང་གི་བཀོད་པ་དང་ཡང་འཚམ་པར་བྱེད་དགོས། ང་ཚོས་སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་བཏོན་པ་ནི་རང་རྒྱལ་སྤྱི་ཚོགས་ཀྱི་གཞི་རྩའི་འགལ་བའི་ལས་འགུལ་གྱི་འགྱུར་ལྡོག་དང་བསྟུན་ནས་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཚམ་པར་བྱ་ཆེད་ཡིན། སྒྱུར་བཅོས་སྒོ་དབྱེ་ལ་སྤེལ་བཞིན་པ་ལས་ལེགས་གྲུབ་ཟིན་པ་མེད། སྒྱུར་བཅོས་སྒོ་དབྱེ་ལ་ཡང་ཁ་ཕྱོགས་དང་། ལངས་ཕྱོགས་དང་རྩ་དོན་བཅས་ཡོད། ང་ཚོའི་ཁ་ཕྱོགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རང་ཉིད་འཐུས་ཚང་དང་གོང་དུ་སྤེལ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་སྒུལ་ཤུགས་སུ་འགྱུར་བར་བྱེད་དགོས། ཁྱོན་ཡོངས་བརྟན་པོ་དང་། འགྱུར་ལྡོག་དང་བསྟུན་པ། གནས་ཚུལ་གསར་པ་གཏོད་པ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བཟུང་ནས་ཁ་ཕྱོགས་ཡང་དག་དང་། གཞུང་འཁྱོངས་གསར་འབྱེད། དམ་པ་དོན་གཉེར་བཅས་བྱས་ཏེ། རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་སྒྱུར་བཅོས་སྒོ་དབྱེའི་ལེའུ་གསར་པ་རྩོམ་དགོས་ཞེས་བསྟན་ཡོད།
རྩོམ་ཡིག་ནང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ན་ངེས་པར་དུ་སྒྱུར་བཅོས་སྒོ་དབྱེ་ཁྱོན་ཡོངས་ནས་སྔར་བས་གཏིང་ཟབ་ཏུ་བཏང་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་ཆེ་རུ་གཏོང་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པས་སྒྱུར་བཅོས་བྱ་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པ་དེ་ནི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་སྒྱུར་བཅོས་སྒོ་དབྱེ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དམ་པོར་དམིགས་ནས། འཐབ་ཇུས་རང་བཞིན་དང་། གསར་གཏོད་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་ཀྱི་སྒྱུར་བཅོས་ཁག་གཅིག་བཏོན་པ་དང་། སྒྱུར་བཅོས་མ་ལག་གཅིག་སྡུད་དང་མཐུན་སྦྱོར་ལས་ཆོད་ཆེ་བར་ཤུགས་སྣོན་བརྒྱབ་སྟེ། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་སུ་ཚད་བརྒལ་གསར་པ་ཡོང་བར་བྱེད་དགོས་པ་དང་། སྒྱུར་བཅོས་སྒོ་དབྱེ་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བྱ་ཐབས་གལ་ཆེན་ཇུས་འགོད་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་ཤུགས་ཆེན་མུ་མཐུད་སྣོན་དགོས། གནད་དོན་གྱི་ཕྱོགས་སྟོན་མངོན་གསལ་དོད་དུ་བཏང་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འགོག་རྐྱེན་སྤྲོད་པའི་གནད་དོན་དང་། འཕེལ་རྒྱས་ཁོར་ཡུག་དང་དམངས་འཚོ་ཁྱབ་ཁོངས་ཀྱི་དཀའ་གནད། སྤྱི་ཚོགས་དྲང་གཞག་དྲང་བདེན་དང་འགལ་བའི་གནད་དོན་བཅས་གནད་དོན་ཐག་གཅོད་ཤུགས་ཆེན་བྱས་ཏེ་ཉེན་ཁ་གལ་ཆེན་སྔོན་འགོག་ནུས་ལྡན་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་དང་གསོན་ཤུགས་ཟམ་མི་ཆད་པར་འཕེལ་བར་བྱེད་དགོས་ཞེས་བསྟན་ཡོད།(ཕུར་སྒྲོན་དང་བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社