ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ད་ལོ་ནི་ཁ་གཏད་བོད་སྐྱོར་བྱས་ནས་ལོ་ངོ་30འཁོར་བའི་ལོ་ཞིག་རེད། ཉིན་ཤས་གོང་གསར་འགོད་པས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་65འཁོར་བའི་རིམ་སྤེལ་གཙོ་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2015ལོར་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གསར་གཏོད་རང་བཞིན་གྱི་སྒོ་ནས་སྨན་བཅོས་ཤེས་ལྡན་མི་སྣ“ཚོགས་སྒྲིག་རྣམ་པའི”ཐོག་ནས་བོད་སྐྱོར་བྱ་རྒྱུའི་གཏན་འཁེལ་བྱས་པ་དང་།“གཞན་བརྟེན”རྣམ་པའི་རོགས་སྐྱོར་བྱེད་སྟངས་དེ“རང་བརྟེན”རྣམ་པའི་རོགས་སྐྱོར་བྱེད་སྟངས་སུ་བསྒྱུར་ནས་སྨན་བཅོས་རྐང་འཛིན་པ་མངགས་འདེམས་བྱས་ཏེ། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་། ས་ཁུལ་དང་གྲོང་ཁྱེར་7གྱི་མི་དམངས་སྨན་ཁང་གི་ཚན་ཁག་འཛུགས་སྐྱོང་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱས་ཡོད། 2021ལོར་སླར་ཡང་གཙོ་གནད་རྫོང་གི་མི་དམངས་སྨན་ཁང་13རོགས་སྐྱོར་བྱ་ཡུལ་གྱི་ཁོངས་སུ་བཅུག་ཡོད། “1+7+13”སྨན་ཁང་དུ་རོགས་སྐྱོར་བྱ་ཡུལ་ངེས་ཅན་ཞིག་ཆགས་ནས་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
སྨན་ཁང་གི་དོ་དམ་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། “1+7+13”སྨན་ཁང་གི་ཡོན་ཀྲང་ཚང་མ་སྣེ་ཁྲིད་སྨན་ཁང་གིས་མངགས་འདེམས་བྱས་པའི་དོ་དམ་གྱི་ཉམས་མྱོང་ཕུན་སུམ་ཚོགས་ཤིང་། སྨན་བཅོས་ཀྱི་ལག་རྩལ་བྱང་ཆུབ་པའི་རིགས་གཅིག་མཁས་ཅན་གྱིས་འགན་འཁུར་ཡོད་པ་དང་། ཚན་ཁག་གི་ཀྲུའུ་རེན་ནམ་ཀྲུའུ་རེན་གཞོན་པ་མང་ཆེ་བ་བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་འགན་འཁུར་ཡོད། རོགས་སྐྱོར་བྱ་ཡུལ་གྱི་སྨན་ཁང་ལ་ལམ་ལུགས་8000ལྷག་ཙམ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། སྨན་བཅོས་བརྒྱུད་རིམ་སྔར་བས་ཚད་ལྡན་དུ་ཕྱིན་པ་དང་ནད་པའི་བློ་ཡིད་ཚིམ་ཚད་མུ་མཐུད་ལེགས་སུ་ཕྱིན་ཡོད། ས་གནས་དེ་གའི་སྨན་བཅོས་ཤེས་ལྡན་མི་སྣའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ཡོད། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱི་རོགས་སྐྱོར་སྨན་ཁང་184དང་རོགས་སྐྱོར་བྱ་ཡུལ་སྨན་ཁང་དབར“དགེ་རྒན་གྱིས་སློབ་མ་ཁྲིད་པའི”རོགས་སྐྱོར་དང་སྣེ་ཁྲིད་ཀྱི་གྲོས་མཐུན་བཞག་པ་དང་། རིམ་རྩིས་བྱས་ན་སྨན་བཅོས་ཚོགས་པ་1500ལྷག་ཙམ་ལ་རོགས་སྐྱོར་དང་སྣེ་ཁྲིད་བྱས་ཤིང་། ས་གནས་དེ་གའི་སྨན་བཅོས་མི་སྣ་5000ཙམ་གསོ་སྐྱོང་བྱས་ཡོད། སྨན་བཅོས་ལག་རྩལ་གྱི་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། རོགས་སྐྱོར་བྱ་ཡུལ་སྨན་ཁང་གི་དོན་དངོས་ལ་གཞིགས་ནས་ཁོག་ནད་ཚན་ཁག་དང་། ཕྱི་ནད་ཚན་ཁག བུ་བཙའི་ཚན་ཁག བྱིས་ནད་ཚན་ཁག མྱུར་སྐྱོབ་ཆེད་ལས་ཚན་ཁག དེ་བཞིན་བརྟག་དཔྱད་དང་སྦྲིད་སྨན་སོགས་ཚན་ཁག་གཙོ་གནད་དུ་བསྐྲུན་ཡོད། མིག་སྔའི་བར་རྣམ་གྲངས་གསར་པ་དང་ལག་རྩལ་གསར་པ་ཁག་4000ལྷག་ཙམ་སྤེལ་ནས་རང་ལྗོངས་ཀྱི་སྨན་བཅོས་ལག་རྩལ་གྱི་སྟོང་ཆ་ཁག་2500ལྷག་ཙམ་བསྐངས་ཡོད།“1+7”སྨན་ཁང་གིས་བྲང་ནད་དང་། གཟའ་གྲིབ་ཕོག་པ། མྱུར་གཤིས་རྨས་སྐྱོན། ཉེན་ཁ་ཆེ་བའི་སྦྲུམ་མ། ཕྲུ་གུ་དམར་འབྱར་གྱི་ལྟེ་གནས་སོགས་ལྟེ་གནས་ཆེན་པོ་ལྔ་ཤུགས་ཆེན་བསྐྲུན་ནས་རང་ལྗོངས་ཀྱི་ཉེན་ཁ་ཆེ་བའི་མྱུར་སྐྱོབ་ནུས་པ་ཆེ་རུ་བཏང་ཡོད།
བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཁ་གཏད་རོགས་སྐྱོར་གཞུང་དོན་ཁང་གི་རིམ་པ་དང་པོའི་བརྟག་ཞིབ་པ་ཅ་ཏན་ཏན་གྱིས་ཕྱིས་འབྱུང་ང་ཚོས་ཁ་གཏད་བོད་སྐྱོར་བྱས་ནས་ལོ་ངོ་30འཁོར་བ་གོ་སྐབས་སུ་བྱས་ཏེ། ཉམས་མྱོང་ཕྱོགས་བསྡོམས་དང་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་དམངས་འཚོའི་ལས་གཞི་དང་། དམངས་སེམས་ལས་གཞི། ཀུན་སྤྱོད་སྲིད་སྐྱོང་ལས་གཞི་བཅས་གཏིང་ཟབ་ཏུ་བཏང་ནས་མཐོ་སྒང་གི་མང་ཚོགས་ལ་བདེ་ཐང་དང་བདེ་རྩ་དེ་བས་མང་བ་བསྐྲུན་རྒྱུ་རེད་ཅེས་བཤད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社