分享按钮

ལྗོངས་ཡོངས་ཀྱི་2024ལོའི་ནུས་རྒྱུ་གྲོན་ཆུང་གི་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་ལྷ་སར་སྤེལ་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་13ཉིན། བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་ནས་སྤེལ་བའི“ལྗང་མདོག་ཕྱོགས་སྒྱུར་དང་ནུས་རྒྱུ་གྲོན་ཆུང”གཙོ་དོན་དུ་བྱས་པའི་2024ལོའི་ལྗོངས་ཡོངས་ཀྱི་ནུས་རྒྱུ་གྲོན་ཆུང་གི་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་ལྷ་སར་སྤེལ་འགོ་ཚུགས་པ་དང་། བྱེད་སྒོའི་དུས་ཡུན་གཟའ་འཁོར་1ཡིན་པ་རེད།

ཟླ་5ཚེས་13ནས་ཚེས་19ཉིན་བར་ནི་རྒྱལ་ཡོངས་ཀྱི་ནུས་རྒྱུ་གྲོན་ཆུང་གི་དྲིལ་བསྒྲགས་གཟའ་འཁོར་ཐེངས་སུམ་ཅུ་སོ་བཞི་དེ་ཡིན་པས་རང་ལྗོངས་ཀྱིས་དེ་གོ་སྐབས་སུ་བྱས་ཏེ།རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་བརྒྱུད་འབྱུང་ཁམས་སྔོན་ལ་འཇོག་པ་དང་། གྲོན་ཆུང་ལེགས་སྤྱོད། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་སོགས་ཀྱི་ཚན་རྩལ་ཁྱབ་གདལ་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་དམངས་ཡོངས་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གི་འདུ་ཤེས་ཟབ་ཏུ་བཏང་བ་རེད།

ནུས་ཁུངས་དང་ཐོན་ཁུངས་གྲོན་ཆུང་བྱ་རྒྱུ་དེ་སྤྱི་ཚོགས་ཀྱི་གྲུབ་ཆ་གཙོ་བོ་ཚང་མར་འབྲེལ་བ་དམ་ཟབ་ཡོད་པས། འབྲེལ་ཡོད་ཚན་པས་ཁེ་ལས་དང་བྱ་ལས་ཚན་པ་དང་།ལས་ཁུངས།སྡེ་ཁུལ།སློབ་གྲྭ།ཚོང་ཁང་སོགས་སྤྱི་ཚོགས་ཀྱི་ལས་རིགས་ཁག་སྒྲིག་འཛུགས་དེའི་ནང་ཞུགས་རྒྱུར་སྐུལ་སློང་ཧུར་ཐག་བྱས་ཏེ།ནུས་ཁུངས་གྲོན་ཆུང་དང་།ཆུ་གྲོན་ཆུང་།གློག་གྲོན་ཆུང་།ས་གྲོན་ཆུང་སོགས་གཙོ་གནད་དུ་བཟུང་ནས་མང་ཚོགས་རང་བཞིན་གྱི་གྲོན་ཆུང་བྱེད་སྒོ་ཤུགས་ཆེན་སྤེལ་དགོས་པ་དང་།གྲོན་ཆུང་ཅན་གྱི་ལས་ཁུངས་ཀྱི་བྱེད་སྒོ་དང་ལྗང་མདོག་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད།སྟབས་བདེ་འོས་འཚམ་དང་།ལྗང་མདོག་ཐཱན་ཉུང་།ཤེས་དཔལ་བདེ་ཐང་བཅས་ཀྱི་འཚོ་བའི་འདུ་ཤེས་དང་འཚོ་བ་སྐྱེལ་སྟངས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། ལྗང་མདོག་འཛད་སྤྱོད་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་པ།ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ནུས་རྒྱུ་གྲོན་ཆུང་གི་དྲིལ་བསྒྲགས་ཀྱི་རྣམ་པ་སྟོབས་ཆེན་ཞིག་ཆགས་པར་བྱས་ཏེ།ཁྱིམ་ཚང་ཚང་མས་ཤེས་པ་དང་མི་ཚང་མས་ཤེས་པར་བྱས་ནས་དམངས་ཡོངས་ཀྱི་རང་རྟོགས་ངང་ནུས་རྒྱུ་གྲོན་ཆུང་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་དགོས།

2023ལོར་ལྗོངས་ཡོངས་ཀྱི་ནུས་རྒྱུའི་འཛད་སྤྱོད་བསྡོམས་འབོར་གྱིས་རྒྱལ་ཡོངས་ཀྱི་ནུས་རྒྱུ་འཛད་སྤྱོད་བསྡོམས་འབོར་གྱི་བརྒྱ་ཆ་0.13ལས་ཟིན་མེད་པ་དང་།GDPརྩིས་གཞིའི་ནུས་རྒྱུ་ཟད་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་ལ།ཐད་བྱུང་ནུས་རྒྱུའི་བསྡུར་ཚད་བརྒྱ་ཆ་50ལས་བརྒལ་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་དུས་བབ་མུ་མཐུད་རྒྱུན་འཁྱོངས་ཡག་པོ་ཐུབ་ཡོད། ད་ལྟའི་ཆར། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་པ་དང་།འབྱུང་ཁམས་སྲུང་སྐྱོང་དེ་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བའི་དུས་མཚམས་སུ་སླེབས་པ།རྣམ་གྲངས་གལ་ཆེན་འཛུཊ་སྐྲུན་དང་།བཟོ་ལས་ཐོན་སྐྱེད།དམངས་འཚོ་འགན་ལེན་སོགས་ཁྱབ་ཁོངས་ཀྱི་ནུས་རྒྱུ་བརྟེན་ཚད་མཐོ་བས་ནུས་རྒྱུ་གྲོན་ཆུང་གི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད་པས། བྱེད་སྒོས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐོན་ཁུངས་ཀྱི་དཀའ་གནད་མེད་པར་བཟོ་བ་དང་།འབྱུང་ཁམས་སྲུང་སྐྱོང་གི་དམར་ཐིག་ནན་པོ་བསྲུངས་ནས་ཐཱན་ཉུང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་དར་སྤེལ་གཏོང་བཞིན་ཡོད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-17 6 6 拉萨日报藏文 c181039.html 1 ལྗོངས་ཡོངས་ཀྱི་2024ལོའི་ནུས་རྒྱུ་གྲོན་ཆུང་གི་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་ལྷ་སར་སྤེལ་འགོ་ཚུགས་པ། /enpproperty-->