分享按钮

གདོང་དཀར་ཁྲོམ་གཞུང་དང་མཐུན་སྒྲིལ་གྲོང་གསར་གྱིས་གཞི་རིམ་བཅོས་སྐྱོང་ལ་སྒུལ་ཤུགས་གསར་པ་འཕེལ་དུ་བཅུག་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་ཆེད། ཉེ་ཆར། གདོང་དཀར་ཁྲོམ་གཞུང་དང་མཐུན་སྒྲིལ་གྲོང་གསར་གྱིས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་སྡེ་ཁུལ་བཅོས་སྐྱོང་གི་འགྲན་བསྡུར་བྱེད་སྒོ་སྤེལ་ཞིང་། གྲུབ་འབྲས་ངོམ་པ་དང་། ཁྱད་ཆོས་སྟོན་པ། ཉམས་མྱོང་གླེང་བ། ཧེ་བག་འཚོལ་བ་བཅས་ཀྱི་སྒོ་ནས་སྟོབས་དང་ལྡན་པའི་གཞི་རིམ་དཔུང་ཁག་ཅིག་བཏོད་ཡོད།

སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་གི་འགྲན་བསྡུར་དེར་གནད་དོན་ངོས་འཛིན་དང་། གནད་དོན་དབྱེ་ཞིབ། གནད་དོན་སེལ་ཐབས། ཉམས་མྱོང་གླེང་བ། དཔེ་བཞག་རིགས་འགྲེ་བཅས་ནང་དོན་ལྔ་ཡོད་ཅིང་། སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་གི་སྡེ་ཁུལ་7ནས་ཡོང་བའི་འགྲན་ཞུགས་པ་35གོ་རིམ་བཞིན་འགྲན་སྟེགས་སུ་བསྐྱོད་ནས་སྡེ་ཁུལ་གྱི་གཞི་རིམ་བཅོས་སྐྱོང་ཐད་གནས་པའི་དཀའ་གནད་དང་འགག་གནད་སོགས་ལ་དམིགས་ཏེ། དབྱེ་ཞིབ་གཏིང་ཟབ་དང་། གནད་དོན་སེལ་ཐབས་འཚོལ་ཞིབ། ཁོངས་གཏོགས་ཁུལ་གྱི་དོན་དངོས་དང་མཐུན་པའི་གཞི་རིམ་བཅོས་སྐྱོང་གི་ཐབས་ལམ་གསར་པ་འཚོལ་ཞིབ་བཅས་བྱས་པ་རེད།

འགྲན་བསྡུར་བྱས་པ་བརྒྱུད། མཐར་གླིང་སྟོད་སྡེ་ཁུལ་ལ་བྱ་དགའ་ཨང་དང་པོ་དང་། ནམ་མཁའ་སྡེ་ཁུལ་ལ་བྱ་དགའ་ཨང་གཉིས་པ། བཙན་ཁང་སྡེ་ཁུལ་ལ་བྱ་དགའ་ཨང་གསུམ་པ་ཐོབ་ཡོད། འགྲན་བསྡུར་དེ་ནི་གཞི་རིམ་བཅོས་སྐྱོང་ལས་དོན་ལ་ཞིབ་བསྡུར་བྱེད་པའི་འགྲན་བསྡུར་ཞིག་ཡིན་ལ། ཕན་ཚུན་སློབ་སྦྱོང་བྱེད་རེས་དང་དཔྱད་གཞིར་འཛིན་རེས། སྐུལ་འདེད་གཏོང་རེས་བཅས་བྱེད་པའི་འགྲན་བསྡུར་ཞིག་ཀྱང་ཡིན་པས་སྡེ་ཁུལ་ཁག་གིས་གཞི་རིམ་བཅོས་སྐྱོང་ལེགས་སུ་གཏོང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དང་ཁ་ཕྱོགས་གསལ་དུ་ཕྱིན་ཡོད། སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཁྲེན་དབྱང་གིས་སླད་ཕྱིན། གདོང་དཀར་ཁྲོམ་གཞུང་གིས་ད་ཐེངས་ཀྱི་བྱེད་སྒོ་དེ་གོ་སྐབས་སུ་བྱས་ནས་དཔྱད་གཞིར་འཛིན་ཆོག་པ་དང་། ཁྱད་ཆོས་ལྡན་པ། ཤུགས་རྐྱེན་ལྡན་པ་བཅས་ཀྱི་གཞི་རིམ་བཅོས་སྐྱོང་གི་གྲགས་རྟགས་ཁག་གཅིག་གཏོད་རྒྱུ་དང་། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད།

ཉེ་ཆར། མཐུན་སྒྲིལ་གྲོང་གསར་གྱིས་སྤེལ་བའི“དྲ་མིག་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད”ཅེས་པའི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་འགྲན་བསྡུར་བྱེད་སྒོ་དེ་ནི་ཡུལ་དངོས་སུ་ལན་འདེབས་པའི་རྣམ་པའི་ཐོག་ནས་ཛ་དྲག་ངང་སྤེལ་བ་རེད།

འགྲན་བསྡུར་ཁྲོད། དྲ་མིག་དོ་དམ་ལས་སྒོའི་རྒྱུན་ཤེས་དང་། རྒྱུན་གཏན་གྱི་སྤེལ་རེས་རྩལ་ནུས། དེ་བཞིན་མི་སྒེར་གྱི་ཕྱོགས་བསྡུས་བྱང་ཚད་སོགས་ལ་དམིགས་ཏེ། འགྲན་ཞུགས་པའི་ཤེས་ཚད་དང་། ཕན་ཚུན་མཐུན་སྦྱོར་གྱི་ནུས་པར་ཚོད་བགམ་བྱས་ཤིང་། འགྲན་ཞུགས་པ་ཚོས་ཀྱང་ལན་ཧུར་ཐག་བཏབ་ནས་རང་ཉིད་ཀྱི་གཞི་རྩའི་རྩལ་ནུས་མངོན་པར་བྱས་པ་རེད།

ཡུལ་དངོས་སུ་ལན་འདེབས་པའི་བརྒྱུད་རིམ་ནང་། དྲ་མིག་ལས་དོན་མི་སྣ་མཚོ་མོར་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་ཡོད། ཁོང་གིས་ཕུན་སུམ་ཚོགས་པའི་ལས་ཀའི་ཉམས་མྱོང་དང་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོར་བརྟེན་ནས་དཀའ་གནད་མང་པོ་ཞིག་ལ་བསྟུད་མར་ལན་གནད་ལ་འཁེལ་བ་བཏབ་པས་ལྟད་མོ་བ་དང་དཔྱད་འདེམས་པའི་གདེང་འཇོག་བཟང་པོ་ཐོབ་ཅིང་། དེ་ལས་ཁོང་མི་སྒེར་གྱི་ཤེས་ཡོན་དང་ནུས་པ་མངོན་པར་མ་ཟད། མཐུན་སྒྲིལ་གྲོང་གསར་གྱི་ཕུལ་བྱུང་དྲ་མིག་པ་གསོ་སྐྱོང་བྱས་པའི་ལས་ཀའི་གྲུབ་འབྲས་ཀྱང་མངོན་ཡོད།

མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སྐལ་བཟང་སྒྲོལ་མས་བྱེད་སྒོའི་དེ་གཏམ་བཤད་སྤེལ་བ་དང་ལན་འདེབས་པའི་ཐབས་ལམ་སྤྱད་ནས་སྤེལ་ཏེ། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་སྟངས་དྲ་མིག་ལས་དོན་མི་སྣས་སྔར་བས་ཤེས་པར་བྱས་པར་མ་ཟད། གསར་གཏོད་ཀྱི་ནུས་པ་དང་འབྲེལ་གཏུགས་ནུས་པའང་མཐོ་རུ་བཏང་ཡོད། དེ་ལྟ་བུའི་བྱེད་སྒོ་བརྒྱུད་ནས་དྲ་མིག་ལས་དོན་པའི་ཆེད་ལས་ཀྱི་བྱང་ཚད་མཐོ་རུ་གཏོང་ཐུབ་པ་དང། ཁོང་ཚོའི་དབར་གྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་ཐུབ་པ། སྡེ་ཁུལ་གྱི་དོ་དམ་ཞིབ་ཚགས་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་ཐུབ་པ། གྲོང་མིར་ཞབས་འདེགས་ཞུ་བའི་ཆུ་ཚད་མཐོ་རུ་གཏོང་ཐུབ་པ་བཅས་ཀྱི་རེ་བ་ཡོད་ཅེས་བཤད།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-17 6 6 拉萨日报藏文 c181041.html 1 གདོང་དཀར་ཁྲོམ་གཞུང་དང་མཐུན་སྒྲིལ་གྲོང་གསར་གྱིས་གཞི་རིམ་བཅོས་སྐྱོང་ལ་སྒུལ་ཤུགས་གསར་པ་འཕེལ་དུ་བཅུག་པ། /enpproperty-->