ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན། གསར་འགོད་པས་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་2024ལོའི་ཐོག་ཆར་འབབ་སྐབས་དམངས་སྤྱོད་མཁའ་འགྲུལ་འཁོར་སྐྱོད་འགན་ལེན་གྱི་སྤྱིའི་ཇུས་གཞི་པར་འགྲེམས་བྱས་ཤིང་། དེའི་ནང་ད་ལོའི་ཟླ་6པ་ནས་8པའི་བར་རྒྱལ་ཡོངས་ཀྱི་དུས་གཏན་གནམ་གྲུ་གཏོང་ཚད་བརྒྱ་ཆ་70ལས་མི་དམའ་བར་བྱ་རྒྱུ་དང་། དུས་ཚོད་འགྱངས་པའི་བསྡུར་ཚད་ཉུང་དུ་གཏོང་རྒྱུ་སོགས་སྤྱིའི་དམིགས་ཚད་གསལ་པོར་བསྟན་ཡོད།
དམིགས་ཚད་དེ་དག་མངོན་འགྱུར་བྱ་ཆེད། ཇུས་གཞིའི་ནང་། ཐོག་ཆར་འབབ་སྐབས་དམངས་སྤྱོད་མཁའ་འགྲུལ་འཁོར་སྐྱོད་འགན་ལེན་གྱི་མཐུན་སྦྱོར་ལས་བགོས་གསལ་བར་བསྟན་ཡོད་ཅིང་། གྲ་སྒྲིག་ཏན་ཏིག་བྱེད་སྟངས་དང་། གྲོས་མོལ་བཀོད་གཏོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་སྟངས། གནམ་གཤིས་ཀྱི་ཞབས་ཞུའི་ཆུ་ཚད་དང་མཐུན་སྦྱོར་གྱི་ཆུ་ཚད་མཐོ་རུ་གཏོང་སྟངས། མཁའ་འགྲུལ་དོ་དམ་འཁོར་སྐྱོད་འགན་ལེན་ལ་ཤུགས་སྣོན་རྒྱག་སྟངས། འཁོར་སྐྱོད་འབྲེལ་ཐག་ཧྲིལ་པོ་མཉམ་འགུལ་བྱེད་སྟངས། དུས་ཐོག་ཏུ་ཕྱོགས་བསྡོམས་དཔྱད་དཔོག་བྱེད་སྟངས་སོགས་ཞིབ་ཕྲའི་བྱ་ཐབས་ཁ་གསལ་བཟོས་ཡོད། དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་དམངས་སྤྱོད་མཁའ་འགྲུལ་མ་ལག་གིས་བྱ་ཐབས་ཁག་ལ་ཤུགས་སྣོན་བརྒྱབ་སྟེ། དམིགས་ཚད་ཀྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ནས་ཐོག་ཆར་འབབ་པའི་དུས་སུ་དམངས་སྤྱོད་མཁའ་འགྲུལ་ཀྱི་འཁོར་སྐྱོད་བདེ་འཇགས་ཡོང་རྒྱུར་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད། (ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社