分享按钮

ཧྥ་རན་སེའི་ལས་རིགས་ཁག་གི་མི་སྣས།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་བ་དེས་ཧྥ་རན་སེ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་ཆེན་པོ་བཏང་བའི་ངོས་འཛིན་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་ཕ་རི་སི་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེར་གནང་བའི་རྒྱལ་དོན་འཚམས་འདྲི་བདེ་བླག་ངང་ལེགས་གྲུབ་བྱུང་ནས་ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བ་སླར་ཡང་བརྟན་དུ་ཕྱིན་པ་དང་། ཧྥ་རན་སེའི་ལས་རིགས་ཁག་གི་ཁྲོད་དུ་ཚུར་སྣང་ལན་ཆ་བཟང་པོ་བྱུང་ཡོད་ལ། ཧྥ་རན་སེའི་ལས་རིགས་ཁག་གི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་གནང་བའི་རྒྱལ་དོན་འཚམས་འདྲི་དེས་ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བ་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།

ཧྥ་རན་སེའི་རྒྱལ་དམངས་གྲོས་ཚོགས་ཀྱི་ཧྥ་རན་སེ་དང་ཀྲུང་གོའི་མཛའ་གྲོགས་ཚོགས་ཆུང་གི་ཀྲུའུ་ཞི་ཨ་ལུའོ་ཙེ་ཡིས་སྒེར་གྱི་དྲ་ཚིགས་ཐོག་དཔྱད་གཏམ་སྤེལ་ཏེ།ཧྥ་རན་སེ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་60འཁོར་བའི་སྐབས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་གནང་ཡོད། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་བརྩེ་བ་ཟབ་མོ་ཡོད་པ་དང་། རྒྱལ་ཁབ་གཉིས་ནི་མིག་སྔའི་གཡོ་འགུལ་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཁྲོད་ཀྱི་བརྟན་ལྷིང་གི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་ལ། ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྣེ་ཁྲིད་དེ་གནམ་གཤིས་དང་། སྐྱེ་དངོས་སྣ་མང་རང་བཞིན། འཕྲོད་བསྟེན་བདེ་ཐང་། དབུལ་ཕོངས་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་བཞིན་ཡོད་ཅེས་བསྟན་ཡོད།

ཨ་ལུའོ་ཙེ་ཡིས་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ཧྥ་རན་སེ་དང་ཡོ་རོབ་མནའ་འབྲེལ་གྱི་འགག་རྩའི་རོགས་ཟླ་ཞིག་ཡིན་པས་ ང་ཚོས་སྣེ་མང་དང་དོ་སྙོམས་ཀྱི་འཛམ་གླིང་ཞིག་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བྲིས་ཡོད།

ཧྥ་རན་སེའི་མཐུན་སྒྲིལ་དང་ཡར་ཐོན་ཏང་གི་ཀྲུའུ་ཞི་ཡ་ཁེ·ཧྲེ་སྨི་ན་ཏེ་ཡིས་འབྲེལ་ལམ་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས་དཔུང་ཁག་གི་འགྲན་རྒོལ་དེ“ཁྱོན་ཡོངས་ཀྱི་དམག་འཁྲུག”ཏུ་འགྱུར་ཉེན་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེར་འཚམས་འདྲི་གནང་བ་དེས“བསྟུན་མཁས་རང་བཞིན་གྱི་རོགས་ཟླའི་འབྲེལ་བ”དང“འཛམ་གླིང་ཞི་བདེའི་ཕྱོགས་སུ་གོམ་པ་གང་སྤོས་པ”མཚོན་གྱི་ཡོད་ཅེས་བཤད།

ཨ་རིར་བཅའ་སྡོད་ཧྥ་རན་སེའི་དེ་སྔའི་གཞུང་ཚབ་ཆེ་མོ་བ་རེ་ལར·ཨ་ལུའོ་ཡིས་ཧྥ་རན་སེའི《ལྟ་ཚུལ》དུས་དེབ་ཀྱི་མི་སྒེར་གྱི་ཆེད་བསྒྲིགས་ལེ་ཚན་ཐོག་རྩོམ་ཡིག་སྤེལ་ནས་ཧྥ་རན་སེ་དང་ཀྲུང་གོའི་གཙོ་བདག་དབར་བཀའ་མོལ་གནང་རེས་བྱེད་པ་དེ་མེད་དུ་མི་རུང་བ་ཞིག་ཡིན། ཡོ་རོབ་ཀྱིས་འཐབ་ཇུས་དང་། དཔལ་འབྱོར། ཚོང་དོན་སོགས་ཀྱི་ཐད་ཀྲུང་གོ་དང“བཀའ་མོལ་གནང་རེས་རྒྱུན་འཁྱོངས་དམ་ཟབ”བྱེད་དགོས་པ་དང་། དེ་ལྟར་མ་བྱས་ཚེ“ཨ་རིའི་རྗེས་སུ་མི་འབྲངས་ཀ་མེད་བྱུང་བའི”ཉེན་ཁ་ཡོད་ཅེས་བཤད།

ཧྥ་རན་སེའི་ཁེ་ལས་མཁས་ཅན་དང་དུས་སྐབས་དཔྱད་གཏམ་པ་ཨ་ནུའོ·པེ་ཐེ་ལང་གིས་དྲ་ཐོག་གི་ལེ་ཚན་ཞིག་གི་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་རིང་། ཧྥ་རན་སེ་དང་ཀྲུང་གོའི་དབར་མཉམ་འབྲེལ་གསལ་བསྒྲགས་དང་སྡེ་ཚན་དབར་གྱི་གྲོས་མཐུན་བཞག་ཡོད། དེའི་ཐོག་ནས་ཕྱོགས་གཉིས་པོས་གླེང་མང་བའི་གནད་དོན་ཁག་གཅིག་ཐད“ལྟ་ཚུལ་འདྲ་མཚུངས”ཡོད་པ་མཚོན་ཡོད་ལ། ད་ཐེངས་ཀྱི་འཚམས་འདྲི་དེར“ཕན་འབྲས་ཆེན་པོ་ཐོན་པ”མཚོན་གྱི་ཡོད་ཅེས་བཤད། ཁོང་གིས་ཡོ་རོབ་དང་ཀྲུང་གོ་གཉིས་ཀས་སྣེ་མང་འཛམ་གླིང་བསྐྲུན་རྒྱུར་གཞོལ་བཞིན་ཡོད།“ཡོ་རོབ་ཀྱིས་རང་ཉིད་ཀྱི་སྐད་ཆ་བཤད་ནས་རང་ཚུགས་རང་བདག་གིས་ཕྱི་ཕྱོགས་ཀྱི་འབྲེལ་བ་ཐག་གཅོད་བྱེད་དགོས”ཞེས་བཤད།

ཧྥ་རན་སེའི་ཕ་རི་སིའི་ཧྥ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཡ་ཆི་ཏེ·པིན་ཧ་སྨི་ཡིས་རྩོམ་ཡིག་སྤེལ་ཏེ།ཕྱི་འབྲེལ་བཙུགས་ནས་ལོ་ངོ་60སོང་རིང་། ཧྥ་རན་སེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་མང་པོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ད་ཐེངས་ཀྱི“ལོ་རྒྱུས་རང་བཞིན”གྱི་ཐུག་འཕྲད་ཀྱིས་ཧྥ་རན་སེ་དང་ཀྲུང་གོའི་འབྲེལ་བའི་ལོ་ངོ་60རྗེས་མའི་འགོ་བཙུགས་ཡོད།འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ང་ཚོ་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་འགན་འཁྲི་ཞིག་ཡིན། ཧྥ་རན་སེ་དང་ཀྲུང་གོས་བཀའ་མོལ་གནང་རེས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཕུགས་རྒྱང་རིང་བའི་ཐུན་མོང་གི་ཁེ་ཕན་རྒྱུན་ཆད་མེད་པར་འཚོལ་དགོས་ཞེས་བཤད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-15 ཧྥ་རན་སེའི་ལས་རིགས་ཁག་གི་མི་སྣས། 6 6 拉萨日报藏文 c180948.html 1 ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་བ་དེས་ཧྥ་རན་སེ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་ཆེན་པོ་བཏང་བའི་ངོས་འཛིན་བྱས་པ། /enpproperty-->