分享按钮

གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས།

མང་ཚོགས་ཀྱིས་བཏོན་པའི་གནད་དོན་ལ་ལན་ཡོད་པར་བྱས་པ་དང་འགོ་ཁྲིད་གཙོ་བོས་ཐད་སྦྲེལ་ཁ་པར་ལ་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས(གཤམ་དུ་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཞེས་བསྡུ་རྒྱུ)ཀྱིས་མང་ཚོགས་ཀྱིས་2024ལོའི་དུས་ཐེངས་གཉིས་པའི་འགོ་ཁྲིད་གཙོ་བོས་དམངས་ཀྱི་འབོད་སྒྲར་ཉན་པ་ཞེས་པའི་ཐོག་བཏོན་པའི་གནམ་སྲས་ཁུལ་ཆུང་བཅུ་པའི་གློག་སྐས་ལ་མངོན་མེད་རྐྱེན་ངན་ཡོད་པ་དང་། ཁང་བདག་གི་དངོས་པོ་རྒྱུན་དུ་བོར་བརླག་སོང་བ། ཁུལ་ཆུང་གི་རླངས་འཁོར་འཇོག་ས་ཕྱི་ཕྱོགས་སུ་སྒོ་ཕྱེ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ།ལམ་སེང་མི་སྣ་སྒྲིག་འཛུགས་བྱས་ནས་ཁུལ་ཆུང་དེར་ཞིབ་བཤེར་བྱས་པ་དང་འབྲེལ་སྡེ་ལས་ཀུང་སིར་བྱ་ཐབས་ནུས་ལྡན་སྤྱད་དེ་བཅོས་སྒྲིག་བྱ་རྒྱུའི་བླང་བྱ་བཏོན་ཡོད་པ་རེད།

ཞིབ་བཤེར་བྱས་པ་བརྒྱུད། མང་ཚོགས་ཀྱིས་བཏོན་པའི་གནད་དོན་གཞི་རྩའི་ཆ་ནས་དོན་དངོས་ཡིན་པ་དང་། དེའི་ཐད་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ལས་དོན་མི་སྣས་ཡུལ་དངོས་སུ་སྡེ་ལས་དང་ཕྱོགས་གསུམ་པའི་སྲུང་སྐྱོང་ཚན་པར་ལྟ་སྐུལ་མཛུབ་ཁྲིད་བྱས་ནས་གློག་སྐས་ལ་ཞིབ་བཤེར་བྱས་པ་དང་འབྲེལ་ཐོག་བརྩེགས་ཁང་ཁག་གི་གློག་སྐས་ཡིག་ཚགས་སོ་སོར་བཟོས་ནས་ཉམས་གསོ་དང་ཞིབ་བཤེར་བྱས་ཚུལ་ཟིན་ཐོར་བཀོད་དགོས་པའི་བླང་བྱ་བཏོན་པ་དང་།ཉུང་མཐར་ཡང་ཉིན་15ཡི་ནང་ཚུན་དུ་གཙང་སྦྲ་དང་། ལེགས་སྒྲིག ཞིབ་བཤེར་བཅས་ཐེངས་རེ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། ཁང་བདག་གི་དངོས་པོ་རྒྱུན་དུ་བོར་བརླག་ཏུ་སོང་བའི་གནད་དོན་ལ་དམིགས་ནས། སྡེ་ལས་ཀུང་སིར་ཁུལ་ཆུང་གི་བདེ་འཇགས་སྔོན་འགོག་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ལྟ་སྲུང་ཡོ་ཆས་གསར་པ་འཛུགས་པ། སྐོར་གཡེང་བྱེད་ཤུགས་ཆེ་རུ་བཅས་བཏང་ནས་གྲོང་མིའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་དང་ཆབས་ཅིག་སྡེ་ལས་ཀུང་སིས་ཁུལ་ཆུང་གི་གྲོང་མི་དང་འབྲེལ་གཏུགས་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་མིའི་བསམ་འཆར་དང་གྲོས་འགོར་ཉན་ཏེ་ཁུལ་ཆུང་གི་གནས་ཚུལ་དངོས་དང་མཐུན་པའི་རླངས་འཁོར་འཇོག་སའི་དོ་དམ་སྲིད་ཇུས་ཐུན་མོང་ཐོག་བཟོ་དགོས་པའི་གྲོས་འགོ་བཏོན་པ་རེད།

ལྷ་ས་གནམ་སྲས་སྡེ་ལས་དོ་དམ་ཚད་ཡོད་ཀུང་སིའི་འགན་འཁུར་བ་མིག་དམར་གྱིས་ཁུལ་ཆུང་གི་གློག་སྐས་ལ་གནས་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་ལྟ་སྲུང་ཡོ་ཆས་འཐུས་ཚང་མིན་པ་སོགས་ཀྱི་གནད་དོན་ང་ཚོས་བཅོས་སྒྲིག་བྱས་ཡོད།ཕྱིས་འབྱུང་ང་ཚོས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་བཏོན་པའི་འབྲེལ་ཡོད་བཅོས་སྒྲིག་གི་བླང་བྱ་དང་ཁང་བདག་གིས་བཏོན་པའི་རེ་འདུན་ཐད་བྱ་ཐབས་ནུས་ལྡན་སྤྱད་དེ་མུ་མཐུད་ནུས་ཤུགས་བཏོན་ནས་ཁང་བདག་བློ་ཡིད་ཚིམ་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།

ད་ཐེངས་ཕྱོགས་ཡོངས་ནས་ཞིབ་བཤེར་དང་བཅོས་སྒྲིག་ལས་དོན་སྤེལ་སྟབས་མང་ཚོགས་ཀྱིས་བཏོན་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱུང་བར་མ་ཟད། ཁུལ་ཆུང་གི་དོ་དམ་ཆུ་ཚད་དང་ཞབས་འདེགས་ཞུ་བའི་སྤུས་ཚད་ཀྱང་མཐོ་རུ་ཕྱིན་ཡོད། གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་དམངས་ལ་ཞབས་ཞུའི་རྩ་དོན་མུ་མཐུད་མཐའ་འཁྱོངས་བྱས་ནས་ཁུལ་ཆུང་དོ་དམ་ལ་ལྟ་སྐུལ་དོ་དམ་དང་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གྲོང་མིར་དེ་བས་བདེ་འཇགས་དང་། སྐྱིད་སྣང་དོད་པ། ཞི་མཐུན་བཅས་ཀྱི་འཚོ་སྡོད་ཁོར་ཡུག་ཅིག་གཏོད་རྒྱུ་ཡིན་པ་རེད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-14 གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས། 6 6 拉萨日报藏文 c180920.html 1 མང་ཚོགས་ཀྱིས་བཏོན་པའི་གནད་དོན་ལ་ལན་ཡོད་པར་བྱས་པ་དང་འགོ་ཁྲིད་གཙོ་བོས་ཐད་སྦྲེལ་ཁ་པར་ལ་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་བཏང་བ། /enpproperty-->