ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ནན་ཏིང་ཀེར་གྱི་སྙིང་སྟོབས་དར་སྤེལ་དང་སྨན་གཡོག་ལས་དོན་པ་ཡོངས་ཀྱི་ལས་ཀའི་སྤྲོ་སེམས་སྔར་བས་འཕེལ་བ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་ཆེད།ཟླ་5ཚེས་10ཉིན།ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་སྨན་ཁང་བཙུགས་ནས་ལོ་65འཁོར་བར་རྟེན་འབྲེལ་ཞུ་བ་དང་རྒྱལ་སྤྱིའི་སྨན་གཡོག་དུས་ཆེན་གྱི་གཟེངས་བསྟོད་བྱེད་སྒོ་སྤེལ་ཡོད་པ་རེད།
བྱེད་སྒོའི་ཁྲོད་གྲོང་ཁྱེར་མི་དམངས་སྨན་ཁང་གིས་སྨན་གཡོག་ལས་དོན་པའི་ཁྲོད་ཀྱི་མངོན་གསལ་དོད་པའི་སྨན་གཡོག་ཚོགས་པ་དང་མི་སྒེར་ལ་གཟེངས་བསྟོད་བྱས་པ་དང་འབྲེལ་བྱ་དགའི་བུམ་པ་དང་གཟི་བརྗིད་ལག་ཁྱེར་ཡང་སྤྲད་པ་རེད།
སྨན་གཡོག་ལས་དོན་པ་ནི་སྨན་ཁང་གི་ལས་ཀའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།ནད་པའི་ཚེ་སྲོག་གི་བདེ་འཇགས་ལ་འགན་ལེན་དང་སྨན་བཅོས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་འགག་རྩའི་ལྷུ་ཚིགས་ཤིག་ཀྱང་ཡིན།གྲོང་ཁྱེར་མི་དམངས་སྨན་ཁང་གིས་རིམ་གསུམ་ཀ་པའི་སྨན་ཁང་བཙུགས་པ་ནས་བཟུང་།དེ་སྔའི་སྨན་གཡོག་ལས་དོན་པ་མི་240ལྷག་ཙམ་ནས་ད་ལྟའི་མི་380ལྷག་ཙམ་བར་མང་དུ་ཕྱིན་ཡོད་པ་རེད།
བྱེད་སྒོའི་ནང་ད་དུང་རིག་རྩལ་འཁྲབ་སྟོན་བར་བཅུག་བྱས་ནས་སྨན་གཡོག་ལས་དོན་པའི་སྣ་མང་རིག་རྩལ་དང་ཧུར་བརྩོན་ཡར་རྒྱས་ཀྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་ཡོད་པ་རེད།ངོ་མཚར་ཆེ་བའི་ལེ་ཚན་གྱིས་ཡུལ་དངོས་ཀྱི་ལྟད་མོ་བ་ཚོར་སྤྲོ་སྣང་དང་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་པར་མ་ཟད།སྨན་གཡོག་ཚོགས་པའི་གོང་བུར་འགྲིལ་ཤུགས་དང་སེམས་པ་ཕྱོགས་ཤུགས་ཀྱང་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社