分享按钮

རྒྱལ་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཉིན་མོ་ཐེངས་16པ།

རང་གྲོང་གི་ཚན་པ་མང་པོས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ད་ལོའི་ཟླ་5ཚེས་12ཉིན་ནི་རྒྱལ་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཉིན་མོ་ཐེངས་16པ་དེ་ཡིན་པ་དང་། ཉིན་མོ་དེའི་གཙོ་དོན་ནི་མི་ཚང་མས་བདེ་འཇགས་ལ་སྣང་ཆེན་བྱེད་པ་དང་མི་ཚང་མས་འཕྲལ་སྡོམ་བྱེད་ཐུབ་པ་སྟེ། གཞི་རིམ་གྱི་གནོད་འཚེ་སྔོན་འགོག་དང་ཉེན་གཡོལ་ནུས་པ་ཆེ་རུ་གཏོང་དགོས་ཞེས་པ་དེ་རེད། ཉིན་ཤས་རིང་། རང་གྲོང་གི་ཚན་པ་མང་པོས་གཙོ་དོན་དེར་དམ་པོར་དམིགས་ཏེ་དྲིལ་བསྒྲགས་བྱེད་སྒོ་སྣ་མིན་སྣ་ཚོགས་སྤེལ་བ་རེད།

ཟླ་5ཚེས་11ནས་ཚེས་17ཉིན་བར་ནི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་གཟའ་འཁོར་ཡིན། ཚེས་12ཉིན་གྱི་སྔ་དྲོར། གྲོང་ཁྱེར་གནོད་འཚེ་སྔོན་འགོག་ཨུ་ལྷན་གཞུང་ལས་ཁང་གིས་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་དང་། གྲོང་ཁྱེར་སྤྱི་བདེ་ཅུས། གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག་སོགས་ཚན་པ་36སྒྲིག་འཛུགས་བྱས་ནས། གཡུ་ཐོག་ལམ་རྐང་ཐང་ཁྲོམ་གཞུང་དུ་5·12རྒྱལ་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ། ཚན་པ་ཁག་གིས་རང་སོ་སོའི་ལས་རིགས་ཁྱབ་ཁོངས་ཀྱི་ཁྱད་ཆོས་ལ་གཞིགས་ནས་འཕྲེད་འགེལ་སྦྱར་ཡིག་བསྒར་བ་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། དྲིལ་བསྒྲགས་དངོས་རྫས་སྤྲོད་པ། དྲིལ་བསྒྲགས་འགྲེམས་པང་བཀྲམས་པ། ཡུལ་དངོས་སུ་འགྲེལ་བཤད་རྒྱག་པ། བྱ་དགའ་ཡོད་པའི་དྲི་བ་དྲིས་ལན་སོགས་ཀྱི་བྱ་ཐབས་སྣ་མང་བརྒྱུད་ནས་གྲོང་མིར་དམངས་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཤེས་བྱ་དང་། གནོད་འཚེ་ལས་གཡོལ་བའི་རང་སྐྱོབ་རྩལ་ནུས་སོགས་ཁྱབ་གདལ་དུ་བཏང་བ་རེད།

ད་ཐེངས་ཀྱི་བྱེད་སྒོར་ཁྱོན་དྲིལ་བསྒྲགས་དཔྱད་ཡིག་20000ལྷག་ཙམ་དང་དྲིལ་བསྒྲགས་དངོས་རྫས་7000ལྷག་ཙམ་སྤྲད་པ་དང་། མང་ཚོགས་མི་ཐེངས་4000ལྷག་ཙམ་བྱེད་སྒོ་དེའི་ནང་ཧུར་ཐག་ཞུགས་པར་བྱེད་སྒོར་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཕྱིས་འབྱུང་། རང་གྲོང་གིས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཐད་དྲིལ་བསྒྲགས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་སྤྱི་ཚོགས་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འདུ་ཤེས་མུ་མཐུད་དེ་ཟབ་ཏུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་འགན་ལེན་བྱ་རྒྱུ་ཡིན་པ་རེད།

གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གི་བླང་བྱ་གཞིར་བཟུང་། ཟླ་5ཚེས་11ཉིན། གྲོང་ཁྱེར་འཕྲལ་སྡོམ་སྤྱི་ཁྱབ་བཀོད་འདོམས་པུའུ་གཞུང་ལས་ཁང་གིས་གྲོང་ཁྱེར་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་གཞུང་ལས་ཁང་དང་མཉམ་འབྲེལ་བྱས་ཏེ། བོད་ལྗོངས་མཐོ་བརྩོན་ཨར་ལས་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སིར་2024ལོའི་ལྷ་ས་གྲོང་ཁྱེར་གྱི་ཡོམ་འགོག་གེགས་སེལ་གྱི་ཕྱོགས་བསྡུས་དངོས་འཐབ་འཕྲལ་སྡོམ་ནང་སྦྱོང་བྱས་པ་རེད།

ད་ཐེངས་ཀྱི་འཕྲལ་སྡོམ་ནང་སྦྱོང་དེ་བརྙན་ལམ་བརྒྱུད་གཏོང་དང་དངོས་འཐབ་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་སྤེལ་ཞིང་། ནང་དོན་ཁྲོད་གནོད་འཚེ་བྱུང་བ་དང་འཕྲལ་སྡོམ་དང་ལེན་དང་། ས་ཡོམ་བྱུང་བ་དང་བསྟུན་ནས་བྱུང་བའི་ཞོར་ཐོན་གྱི་རང་བྱུང་གནོད་འཚེ་རོགས་སྐྱོབ་སོགས་ཁག་དྲུག་ལ་དབྱེ་ཡོད་པ་རེད། ནང་སྦྱོང་དེ་2024ལོའི་ཟླ་5ཚེས་10ཉིན། འདམ་གཞུང་རྫོང་རྒྱས་དར་ཤང་ཡངས་ཡིད་གྲོང་ཚོར་རིམ་པ་5.8ཡི་ས་ཡོམ་བརྒྱབ་པ་དང་། འདམ་གཞུང་རྫོང་དང་། སྙེ་མོ་རྫོང་། སྟོད་ལུང་བདེ་ཆེན་ཆུས། ཁྲེང་ཀོན་ཆུས་བཅས་ཀྱི་ས་ཁོངས་ཁག་ཅིག་ཏུ་ཡོམ་ཚོར་དྲག་པོ་བྱུང་བར་མ་ཟད། ས་ཆ་མང་པོ་ཞིག་ཏུ་ཞོར་ཐོན་གནོད་འཚེ་ཐོན་ཡོད་པའི་ཁུལ་བྱས་པ་རེད། ནང་སྦྱོང་བྱེད་འགོ་ཚུགས་རྗེས། གྲོང་ཁྱེར་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་ཡི་གྲུབ་ཁོངས་ཚན་པ་ཁག་འཕྲལ་དུ་གྲ་སྒྲིག་བྱས་ནས་སྔ་རྗེས་སུ་ཕྱོགས་བསྡུས་མཐུན་སྦྱོར་ཚོགས་ཆུང་དང་། རོགས་སྐྱོབ་ཚོགས་ཆུང་། སྨན་བཅོས་འཕྲོད་བསྟེན་རིམས་འགོག་ཚོགས་ཆུང་། ཞོར་ཐོན་གནོད་འཚེའི་སྔོན་འགོག་ཚོགས་ཆུང་། དངོས་ཟོག་འགན་ལེན་ཚོགས་ཆུང་སོགས་བཙུགས་ཏེ། ནུས་ཤུགས་ཡོད་རྒུ་དང་དུས་ཐོག་ཏུ་འཕྲལ་སྡོམ་བྱེད་ཐབས་སྤྱད་དེ་ད་ཐེངས་ཀྱི་ས་ཡོམ་གྱི་གནོད་འཚེར་ཐག་གཅོད་བྱས་པ་རེད། མཐར་རིམ་པ་ཁག་དང་ཚན་པ་ཁག་གི་གཞོགས་འདེགས་འོག ད་ཐེངས་ཀྱི་ས་ཡོམ་གནོད་འཚེའི་འཕྲལ་སྡོམ་རོགས་སྐྱོབ་ལས་དོན་སྤྱིའི་ཆ་ནས་མཇུག་འགྲིལ་བ་དང་། ས་ཡོམ་གྱི་ཞོར་ཐོན་གནོད་འཚེ་སྤྱིའི་ཆ་ནས་མེད་པར་བཟོས་ནས་ལས་འགན་ཁག་བདེ་བླག་ངང་ལེགས་གྲུབ་བྱུང་བ་ལྟར་བྱས་པ་རེད།

ད་ཐེངས་ཀྱི་ནང་སྦྱོང་ནང་རྙོག་འཛིང་ཆེ་བའི་ཆ་རྐྱེན་ལ་དམིགས་ཏེ། དཀའ་ངལ་ཁྱད་བསད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རིམ་པ་མང་བ་དང་ས་ཆ་མང་པོར་ཡོམ་འགོག་གེགས་སེལ་གྱི་གནད་དོན་ཐག་གཅོད་བྱ་རྒྱུའི་ནང་སྦྱོང་བྱས་པ་བརྒྱུད། འཕྲལ་སྡོམ་སྔོན་ཇུས་ལ་ཞིབ་བཤེར་དང་། འཕྲལ་སྡོམ་ལམ་སྲོལ་ལ་རྒྱུས་ལོན། འཕྲལ་སྡོམ་དཔུང་ཁག་ལ་སྦྱོང་བརྡར། འཕྲལ་སྡོམ་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་ཚན་པ་ཁག་གིས་གནད་དོན་ཞིབ་བཤེར་དང་། ཧེ་བག་འཚོལ་བ། ཞན་ཆ་གསབ་པ། ཞན་ཆ་སྟོབས་ཆེར་གཏོང་བ་བཅས་ལ་སྐུལ་འདེད་བཏང་བ་རེད། ནང་སྦྱོང་སྒྲིག་འཛུགས་བྱས་པ་ཞིབ་ཚགས་པ་དང་། བཀོད་འདོམས་འོས་འཚམ་ཡིན་པ། ནང་སྦྱོང་ནང་ཞུགས་མཁན་ཚན་པ་ཁག་གིས་གྲ་སྒྲིག་ཞིབ་ཚགས་དང་གཞོགས་འདེགས་དམ་ཟབ་བྱས་པས། སྔོན་དཔག་གི་ཕན་འབྲས་ཐོན་ཡོད། ཐོལ་བྱུང་གི་དོན་རྐྱེན་ཐག་གཅོད་བྱེད་པར་མཛུབ་ཁྲིད་རང་བཞིན་གྱི་དོན་སྙིང་ཆེན་པོ་ལྡན་པ་དང་། རང་གྲོང་གི་ཡོམ་འགོག་གེགས་སེལ་གྱི་བཀོད་འདོམས་ཆུ་ཚད་དང་རོགས་སྐྱོབ་ནུས་པ་སྔར་བས་མཐོ་རུ་བཏང་ཡོད་པ་རེད།

ཟླ་5ཚེས་12ཉིན། ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གནོད་འཚེ་ཉུང་གཏོང་གཞུང་ལས་ཁང་གིས་སྣེ་ཁྲིད་དེ་གྲུབ་ཁོངས་ཚན་པ་ཁག་དང་མཉམ་འབྲེལ་བྱས་ནས་མི་ཚང་མས་བདེ་འཇགས་ལ་སྣང་ཆེན་བྱེད་པ་དང་མི་ཚང་མས་འཕྲལ་སྡོམ་བྱེད་ཐུབ་པ་སྟེ། གཞི་རིམ་གྱི་གནོད་འཚེ་སྔོན་འགོག་དང་ཉེན་གཡོལ་ནུས་པ་ཆེ་རུ་གཏོང་དགོས་ཞེས་པའི་གཙོ་དོན་ལ་དམིགས་ནས་སྣེའུ་ཁུལ་གསར་གྱི་ཞིང་ཚོང་ཁྲོམ་རར་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོའི་ནང་། དྲིལ་བསྒྲགས་འགྲེམས་པང་དང་འཕྲེད་འགེལ་སྦྱར་ཡིག་6བསྒར་བ་དང་། དྲིལ་བསྒྲགས་དཔྱད་ཡིག་དང་ཤེས་བྱའི་ལག་དེབ་300ལྷག་ཙམ་སྤྲད་ཡོད་པ་རེད། བྱེད་སྒོ་སྤེལ་ཡུལ་དུ། ལས་དོན་མི་སྣས་VRལག་རྩལ་སོགས་དེང་རབས་ཚན་རྩལ་སྤྱད་དེ་སྣེའུ་ཁུལ་གསར་གྱི་མང་ཚོགས་ལ་ཐོལ་བྱུང་དོན་རྐྱེན་སྣ་ཚོགས་ཀྱི་ཁྱད་ཆོས་དང་། གནོད་སྐྱོན། དེ་བཞིན་ཁ་གཏད་གཅོག་ཐབས་བཅས་འགྲེལ་བཤད་བརྒྱབ་ནས་ཁྱབ་གདལ་དུ་བཏང་བ་དང་། འགྲིམ་འགྲུལ་དང་མེ་སྐྱོན་སོགས་ཀྱི་གནོད་འཚེ་སྣ་ཚོགས་འབྱུང་སླ་བའི་རྒྱུ་རྐྱེན་དང་། དེ་བཞིན་སྔོན་འགོག་བྱ་ཐབས་ལ་འགྲེལ་བཤད་བརྒྱབ་པས་མང་ཚོགས་ཀྱིས་གནོད་འཚེ་སྔོན་འགོག་དང་། གནོད་འཚེ་ཉུང་གཏོང་། གནོད་འཚེ་ལས་སྐྱོབ་པ་བཅས་ཀྱི་གལ་ཆེན་རང་བཞིན་དང་ཚན་རིག་རང་བཞིན་ལ་སྔར་བས་ཤེས་རྟོགས་དང་། མང་ཚོགས་ཀྱི་བདེ་འཇགས་ཀྱི་འདུ་ཤེས་དང་འཕྲལ་སྡོམ་ཐག་གཅོད་ཀྱི་ནུས་པ་གོང་མཐོར་བཏང་ཡོད་པ་རེད།

ཕྱིས་འབྱུང་། མཐོ་གསར་ཁུལ(སྣེའུ་ཁུལ་གསར)གནོད་འཚེ་ཉུང་གཏོང་གཞུང་ལས་ཁང་གིས་རང་ངོས་ཀྱི་ལེགས་ཆ་མུ་མཐུད་འདོན་སྤེལ་བྱས་ནས། རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་བྱེད་སྒོ་དེ་བས་མང་བ་སྤེལ་བ་བརྒྱུད། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས།མང་ཚོགས་ཀྱི་གནོད་འཚེ་ཉུང་གཏོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་།མཐོ་གསར་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བདེ་འཇགས་ཐད་ཀྱི་འགན་ལེན་བྱ་རྒྱུ་ཡིན་པ་རེད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-14 རྒྱལ་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཉིན་མོ་ཐེངས་16པ། 6 6 拉萨日报藏文 c180915.html 1 རང་གྲོང་གི་ཚན་པ་མང་པོས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། /enpproperty-->