分享按钮

དྲིན་ཆེན་སྐྱེད་མར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ།

ཟླ་བ་ལྔ་པའི་ཉི་འོད་ས་གཞི་ཆེན་པོར་འཕྲོས་པ་དང་བསྟུན་ནས་ཨ་མའི་དུས་ཆེན་གྱི་ཉིན་དེ་ཡང་ཚེས་ཡོད། ཟླ་5ཚེས་12ཉིན་ནི་ཨ་མའི་དུས་ཆེན་ཡིན་པས། ཉིན་དེ་ཚེས་རིམ་བཞིན་མི་རྣམས་ཀྱིས་རྣམ་པ་མི་འདྲ་བའི་ཐོག་ནས་ཨ་མར་ལག་རྟགས་དང་མེ་ཏོག་ཉོས་ཏེ་ཨ་མར་བཅངས་པའི་ལྷད་མེད་ཀྱི་བརྩེ་སེམས་མཚོན་པར་བྱེད་ཀྱི་ཡོད།

ཨ་མར་ལག་རྟགས་སྤྲད་ནས་ཨ་མའི་སེམས་པ་དྲོ་བར་བྱས་པ།

ཉེ་ཆར།གསར་འགོད་པས་བཅར་འདྲི་བྱས་པར་སྐྱོད་སྐབས་མེ་ཏོག་སོས་པ་དང་། སྐྱེགས། བོད་ཆས་བཅས་ཨ་མའི་དུས་ཆེན་སྐབས་བྲིན་ཁ་རྒྱུག་ཤོས་སུ་གྱུར་ཡོད་པ་ཤེས་རྟོགས་བྱུང་།

རང་གྲོང་གི་མེ་ཏོག་ཚོང་ཁང་ཁ་ཤས་སུ་གསར་འགོད་པས་ཁྲ་ཆིལ་ལེར་བསྒྲིགས་པའི་མེ་ཏོག་སྣ་ཚོགས་ལས་དུས་ཆེན་གྱི་རྣམ་པ་ཟབ་མོ་ལྡན་ཡོད་ཅིང་།མེ་ཏོག་ཁང་ནའེ་ཞིན་བྲིན་ཁ་རྒྱུག་ཤོས་ཡིན་པར་མ་ཟད། རྒྱ་སེ་མེ་ཏོག་ཉོ་མཁན་ཡང་མང་པོ་ཡོད་པ་མཐོང་བྱུང་། གྲོང་མི་ཧོ་ཆེ་གེ་མོས་གསར་འགོད་པར་ཨ་མའི་དུས་ཆེན་འཆར་བ་དང་བསྟུན་ནས་ངས་ཐག་རིང་དུ་ཡོད་པའི་ཨ་མར་མོས་ཐོན་ནས་མེ་ཏོག་ཆག་པ་ཞིག་མངགས་པ་ཡིན། ཨ་མ་ནམ་ཡང་གཟུགས་པོ་བདེ་ཐང་ཡོང་བའི་སྨོན་འདུན་ཞུས་ཡོད་ཅེས་བཤད།

གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། སྐྱེགས་ཚོང་ཁང་མང་པོ་ཞིག་གིས་ཨ་མའི་དུས་ཆེན་སྐབས་སྐྱེགས་ཀྱི་བཟོ་ལྟ་འདྲ་མིན་སྣ་ཚོགས་བཟོས་ཡོད། སྐྱེགས་ཚོང་ཁང་གི་སྦྱིན་བདག་ཅིག་གིས་ཉེ་ཆར་ཨ་མའི་དུས་ཆེན་འཆར་བར་སྐྱེགས་མངགས་ཉོ་བྱེད་མཁན་ཧ་ཅང་མང་པོ་འདུག ང་ཚོས་ལས་དུས་འཕར་མ་བྱས་ནས་སྐྱེགས་བཟོས་དང་བཟོ་བཞིན་པའི་སྒང་ཡིན་ཞེས་བཤད།

བོད་ཆས་ནི་འདི་ལོའི་ཨ་མའི་དུས་ཆེན་གྱི་ལག་རྟགས་ཡག་ཤོས་སུ་གྱུར་ཡོད། གསར་འགོད་པས་བོད་ཆས་ཚོང་ཁང་ཁ་ཤས་སུ་ཨ་མའི་དུས་ཆེན་སྐབས་དེ་མཚུངས་ཀྱི་གཟིགས་སྐྱོང་བྱེད་སྒོ་སྤེལ་ཡོད་པ་ཤེས་རྟོགས་བྱུང་།

གྲོང་མི་ཆོས་མཚོས་ཨ་མའི་དུས་ཆེན་སྐབས་ཨ་མར་བོད་ཆས་ཡག་པོ་ཞིག་ལག་རྟགས་སུ་སྤྲད་དགོས་བསམ་བྱུང་། ཁོང་ནམ་ཡང་ལུས་བདེ་སེམས་སྐྱིད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ལ་མ་འོངས་པའི་ལོ་ཟླར་ངས་ཁོང་ལ་དྲིན་ལན་འཇལ་རྒྱུ་དང་སྲི་ཞུ་བསྒྲུབ་རྒྱུ་ཡིན་ཞེས་བཤད།

ཨ་མར་སྨོན་འདུན་ཞུས་ནས་ཨ་མའི་སེམས་པ་དྲོ་བར་བྱས་པ།

ཨ་མའི་དུས་ཆེན་གྱི་དམིགས་བསལ་གྱི་ཉིན་མོ་འདིར་ཚང་མས་རང་ཉིད་ཀྱི་ཨ་མར་བཅངས་པའི་སྨོན་འདུན་བཟང་པོ་ཞུས་པ་དང་། ཨ་མས་ཆུང་སྦར་མོ་གང་ནས་གསོ་སྐྱོང་གནང་བར་ཐུགས་རྗེ་ལེགས་འབུལ་གང་ལེགས་ཞུས་ཡོད།

གྲོང་མི་སུའུ་ཡན་གྱིས་བཅར་འདྲི་དང་ལེན་བྱེད་སྐབས་ངའི་བསམ་པར་ཨ་མ་ནི་རླབས་ཆེ་ཤོས་ཡིན་ལ་དཀའ་ལས་ཆེ་ཤོས་ཀྱང་ཡིན་སྙམ། གནམ་འོག་གི་དྲིན་ཆེན་སྐྱེད་མ་ཡོངས་ལུས་བདེ་སེམས་སྐྱིད་དང་ཚེ་རིང་ནད་མེད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བཤད།

གྲོང་མི་ཉི་མ་གཡུ་སྒྲོལ་གྱིས་ངས་ཨ་མར་སྤྲོད་རྒྱུའི་མེ་ཏོག་སོས་པ་ཅིག་སྔོན་ནས་མངགས་པ་ཡིན། ཨ་མ་ལགས་གཟུགས་གཞི་བདེ་ཐང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བཤད།

བཅར་འདྲི་བྱེད་སྐབས།ཨ་མའི་དུས་ཆེན་གྱི་ཉིན་དེར་ཨ་མའི་འགྲམ་དུ་སྡོད་ཁོམ་མ་བྱུང་བའི་གྲོང་མི་ཚོས་ཁ་པར་བརྒྱབ་པ་དང་། ཤོག་ཆག་བསྐུར་བའམ་ཡང་ན་དྲ་ཐོག་ནས་ལག་རྟགས་མངག་ཉོ་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་ཨ་མའི་དུས་ཆེན་ལ་རྟེན་འབྲེལ་ཟབ་རྒྱས་ཞུས་ཡོད།

མོས་ཐོན་གྱི་ལས་དོན་མི་སྣ་ཚེ་དཔག་གིས་ངའི་ཕ་ཡུལ་ནི་ནག་ཆུ་ནས་ཡིན།ལྷ་སར་མངག་སྐྱེལ་གྱི་ལས་ཀ་བྱེད་ཀྱི་ཡོད། དེར་བརྟེན་ཨ་མའི་འགྲམ་དུ་སྡོད་ཁོམ་མེད་པས་ཉིན་ལྟར་ཁོང་ལ་ཁ་པར་བརྒྱབ་ཀྱིན་ཡོད། ཨ་མའི་དུས་ཆེན་སྐབས་ངས་ཨ་མ་ལགས་གཟུགས་གཞི་བདེ་ཐང་དང་བསམ་དོན་ལྷུན་གྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བཤད།

རྫོང་རྒྱབ་ཀླུ་ཁང་དུ་གསར་འགོད་པར་ཧོ་ནན་ནས་ཡོང་བའི་ཡུལ་སྐོར་བ་ལི་ཕིན་དང་འཕྲད་བྱུང་། ཁོང་གིས་ང་དེ་སྔ་ལོ་ལྟར་ས་ཆ་གཞན་དུ་ལས་ཀ་བྱེད་ཀྱི་ཡོད་པས་དུས་ཡུན་རིང་པོ་ཞིག་ཨ་མ་དང་མཉམ་དུ་ཡུལ་སྐོར་ལ་ཡོང་ཁོམ་མ་བྱུང་། དེར་བརྟེན་ད་ཐེངས་ངས་ཆེད་མངགས་ཁོང་ཁྲིད་ནས་བོད་དུ་ཡུལ་སྐོར་ལ་ཡོང་བ་ཡིན། དེ་ནི་ངས་ཨ་མར་སྤྲད་པའི་དམིགས་བསལ་གྱི་ལག་རྟགས་ཤིག་ཡིན། ཨ་མ་ལགས་ནམ་ཡང་ལུས་བདེ་སེམས་སྐྱིད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བཤད།

ཨ་མར་སྙིང་གཏམ་བརྗོད་ནས་ཨ་མའི་སེམས་པ་དྲོ་བར་བྱས་པ།

ཟླ་5ཚེས་11ཉིན།བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་ཁུལ་གྱི་རིག་གནས་གསར་གཏོད་ཚོང་འདུས་དང་ཁྲེང་ཀོན་ཆུས་སློབ་ཆུང་གཉིས་པའི་ཚེ་མཆོག་གླིང་དུ་གནས་པའི་ཡན་ལག་སློབ་གྲྭས་ཨ་མའི་དུས་ཆེན་གྱི་མ་བུའི་བྱེད་སྒོ་མཉམ་དུ་སྤེལ་ཡོད་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ་སློབ་མ་ཚོས་མཉམ་འགུལ་བྱས་ནས་གཅིག་རྗེས་གཉིས་མཐུད་ངང་གར་སྟེགས་ཐོག་བསྐྱོད་དེ་ལྷག་བསམ་ཟོལ་མེད་ཀྱི་སྐད་ཆའི་ཐོག་ནས་ཨ་མར་བཅངས་པའི་བརྩེ་བ་ཟབ་མོ་མཚོན་པར་བྱས་པས།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-14 6 6 拉萨日报藏文 c180913.html 1 དྲིན་ཆེན་སྐྱེད་མར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ། /enpproperty-->