分享按钮

མལ་གྲོ་གུང་དཀར་རྫོང་མི་དམངས་ཁྲིམས་ཁང་གིས་ཁོངས་གཏོགས་ཁུལ་གྱི“ཁྲུན་ཐག་ལག་བསྟར་མི་བྱེད་པའི་བྱས་ཉེས”གྱོད་གཞི་ཐོག་མར་ཞིབ་གཅོད་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གཞུང་དྲང་ཁ་དན་ཚིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཡིན་ལ་མི་སྒེར་གྱི་ཚུལ་ལྡན་གྱི་གཞི་རྩའི་རྩ་དོན་ཞིག་ཀྱང་ཡིན་མོད། འོན་ཀྱང་མི་ལ་ལས་ཁ་དན་ཚིག་གནས་སྣང་མེད་དུ་བཞག་ནས་ནུས་པ་ཐོན་པའི་བཅའ་ཁྲིམས་ཡིག་རིགས་ལ་སྔར་བཞིན་སྟབས་ལེགས་ཀྱི་རྣམ་པ་བཅངས་ནས་ལག་བསྟར་ལས་གཡོལ་རྩིས་བྱེད་ཀྱི་ཡོད། ཉིན་ཤས་གོང་མལ་གྲོ་གུང་དཀར་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཁོངས་གཏོགས་ཁུལ་གྱི“ཁྲུན་ཐག་ལག་བསྟར་མི་བྱེད་པའི་བྱས་ཉེས”གྱོད་གཞི་ཐོག་མ་དེ་ཡོངས་བསྒྲགས་ངང་ཞིབ་གཅོད་བྱས་པ་རེད།

2022ལོར་ཞུ་སྦྱོར་ཕྱི་མ་ཧུའུ་ཆེ་གེ་མོས་ཁྲིམས་ཁང་གི་དཔྱད་མཚམས་ལྟར་བོད་ལྗོངས་ཀྱི་ལས་གཏོད་མ་འཇོག་ཀུང་སི་ཞིག་ལ་བུ་ལོན་སྒོར་ཁྲི་64ལྷག་མ་མ་བསྒྲུབས་པར་བརྟེན་བོད་ལྗོངས་ཀྱི་ལས་གཏོད་མ་འཇོག་ཀུང་སི་དེས་བཙན་ཤེད་ཀྱིས་ལག་བསྟར་སླར་གསོ་བྱ་རྒྱུའི་རེ་ཞུ་བྱས་པ་རེད། ལག་བསྟར་བྱེད་རིང་ཧུའུ་ཆེ་གེ་མོས་སྔར་བཞིན་འོས་འགན་མི་འཁུར་བའི་བྱ་སྤྱོད་སྤེལ་ཞིང་། རྗེས་སུ་མལ་གྲོ་གུང་དཀར་རྫོང་མི་དམངས་ཁྲིམས་ཁང་གིས་ལག་བསྟར་བྱེད་རིང་ཞིབ་བཤེར་ར་སྤྲོད་བྱས་པ་བརྒྱུད། ཧུའུ་ཆེ་གེ་མོས་བོད་ལྗོངས་ཀྱི་ལས་གཏོད་མ་འཇོག་ཀུང་སི་ཞིག་གི་མིང་ཐོག་གི་ཁང་པ་བོགས་མར་བླངས་རྗེས། རྒྱུ་ནོར་སྤོ་སྒྱུར་དང་སྦས་སྐུང་སོགས་ཀྱི་བྱ་སྤྱོད་སྤེལ་བས། ཧུའུ་ཆེ་གེ་མོའི་བྱ་སྤྱོད་དེ“ནུས་པ་ཡོད་ཀྱང་ལག་བསྟར་མི་བྱེད་པའི”ཁོངས་སུ་གཏོགས་པ་དང་། མཐར་མལ་གྲོ་གུང་དཀར་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཧུའུ་ཆེ་གེ་མོས“དཔྱད་མཚམས་དང་ཁྲུན་ཐག་བཅད་ཀྱང་ལག་བསྟར་མི་བྱེད་པའི་ནག་ཉེས”དང་འབྲེལ་བ་ཡོད་པའི་ཐོག་ནས་གཞུང་གཏུགས་བྱས། ཟླ་4ཚེས་2ཉིན། མལ་གྲོ་གུང་དཀར་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་ཧུའུ་ཆེ་གེ་མོས་དཔྱད་མཚམས་དང་ཁྲུན་ཐག་བཅད་པའི་བྱས་ཉེས་ལག་བསྟར་མི་བྱེད་པའི་གྱོད་དོན་ལ་ཡོངས་བསྒྲགས་ངང་ཞིབ་གཅོད་བྱས་ནས་ཧུའུ་ཆེ་གེ་མོས་ཁྲིམས་རའི་ཐོག་ཉེས་པ་ཁས་ལེན་དང་ཉེས་ཆད་ཁས་ལེན་བྱས། གྱོད་དོན་འདི་དུས་ཚོད་བདམས་ནས་བཅད་ཁྲ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་རེད།

མལ་གྲོ་གུང་དཀར་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་ཅུས་ཀྲང་ཕུར་བུ་བཀྲ་ཤིས་ཀྱིས་ཁྲིམས་ལྟར་མི་དམངས་ཁྲིམས་ཁང་གིས་ཁྲིམས་ཆད་དང་ཁྲུན་ཐག་བཅད་པ་ནི་ལག་བསྟར་བྱ་ཡུལ་མི་ཚང་མས་སྒྲུབ་དགོས་པའི་འོས་འགན་ཞིག་ཡིན་མོད། འོན་ཀྱང་ལག་བསྟར་བྱ་ཡུལ་མི་ཁག་གཅིག་གིས་རང་ཉིད་སྤྱང་གྲུང་ལྡན་མདོག་གིས་རྒྱུ་ནོར་སྦས་སྐུང་དང་སྤོ་སྒྱུར་བྱས་ཏེ་ལག་བསྟར་ལས་གཡོལ་ཐབས་བྱེད་ཀྱི་ཡོད། དེའི་བྱ་སྤྱོད་ཀྱིས་ལག་བསྟར་རེ་ཞུ་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བར་མ་ཟད། ཁྲིམས་འཛིན་དབང་གྲགས་ལའང་འགྲན་སློང་དང་བཅའ་ཁྲིམས་ཀྱི་མཐའ་ཚད་ལ་ཡང་ཐུག་ཡོད་པས་མཐར་བཅའ་ཁྲིམས་ཀྱིས་ཆད་པ་ནན་པོ་གཅོད་ངེས་རེད་ཅེས་བཤད།

ཉེ་བའི་ལོ་ཤས་རིང་། མལ་གྲོ་གུང་དཀར་རྫོང་མི་དམངས་ཁྲིམས་ཁང་གིས་ལག་བསྟར་མཉམ་འགུལ་ལམ་སྲོལ་ལ་བརྟེན་ནས་ཁྲིམས་འཛིན་ཆད་གཅོད་བསླབ་འདོམས་བྱ་ཐབས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ནུས་པ་ཐོན་པའི་བཅའ་ཁྲིམས་ཡིག་ཆ་ལག་བསྟར་མི་བྱེད་པའི་ལག་བསྟར་བྱ་ཡུལ་ཁག་གཅིག་ལ་ཆད་གཅོད་བསླབ་འདོམས་ཤུགས་ཆེན་བྱས་ཏེ་ཤོག་བུའི་ཐོག་གི་ཁེ་དབང་མང་ཚོགས་ལ་ཕན་ཐོགས་དངོས་ཀྱི་ནུས་པ་ཐོན་པའི་བཅའ་ཁྲིམས་ཡིག་ཆའི་དབང་གྲགས་རང་བཞིན་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད། དུས་མཚུངས་སུ་རྒྱ་ཆེའི་ལག་བསྟར་བྱ་ཡུལ་ལ་ཉེན་བརྡ་བཏང་ནས་ཚང་མར་ནུས་པ་ཐོན་པའི་བཅའ་ཁྲིམས་ཡིག་ཆའི་ནང་གཏན་འཁེལ་བྱས་པའི་འོས་འགན་ཧུར་ཐག་དང་རང་འགུལ་ངང་ལག་བསྟར་བྱེད་དགོས་པ་ལས། རང་ཉིད་ཀྱིས་བཅའ་ཁྲིམས་ལ་ཚོད་ལྟ་གཏན་ནས་བྱེད་མི་རུང་ཞེས་ཉེན་བརྡ་བཏང་བ་རེད།

མི་དམངས་འདྲི་གཅོད་ལས་རོགས་པའི་འགན་ཁུར་མྱོང་བའི་རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་པ་རྩེ་གྲ་པ་སངས་ཀྱིས་ཁྲིམས་ར་གྲོལ་རྗེས་སྤྱི་དམངས་ཡིན་པའི་ངོས་ནས་ང་ཚོས་བཅའ་ཁྲིམས་ཡིག་ཆའི་ནང་གཏན་འཁེལ་བྱས་པའི་འོས་འགན་ཧུར་ཐག་བསྒྲུབ་དགོས། གལ་ཏེ་སྟེས་དབང་དུ་གནས་པ་དང་། རྒྱུ་ནོར་སྦས་གསང་དང་སྤོ་སྒྱུར་བྱས་ཚེ་ཉེས་ཁྲིམས་ལས་འགལ་སྲིད་པས་གོང་གསལ་གྱི་གནད་དོན་མི་ཐོན་པ་བྱེད་ཆེད། ངས་དེ་རིང་མཐོང་བ་དང་ཤེས་པ་དེ་མང་ཚོགས་ལ་སྒྲོག་འགྲེལ་བྱ་རྒྱུ་ཡིན་ཞེས་བཤད།(པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-13 6 6 拉萨日报藏文 c180823.html 1 མལ་གྲོ་གུང་དཀར་རྫོང་མི་དམངས་ཁྲིམས་ཁང་གིས་ཁོངས་གཏོགས་ཁུལ་གྱི“ཁྲུན་ཐག་ལག་བསྟར་མི་བྱེད་པའི་བྱས་ཉེས”གྱོད་གཞི་ཐོག་མར་ཞིབ་གཅོད་བྱས་པ། /enpproperty-->