ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་སེ·ལའོ་ཨར·མུའུ་ལི་ནུའོ་ལ་གློག་འཕྲིན་བཏང་གནང་ནས་ཁོང་ཕ་ན་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་གནང་བ་རེད།
ཞི་ཅིན་ཕིང་གིས་2017ལོའི་ཟླ་6པར་ཀྲུང་ཕ་དབར་ཕྱི་འབྲེལ་བཙུགས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལེའུ་གསར་པ་བཏོད་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་བདུན་ཙམ་ཕྱིན་པའི་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པ་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དངོས་ཐོབ་ཡོད། ཀྲུང་གོ་དང་ཕ་ན་མའི་དབར་ཕྱི་འབྲེལ་བཙུགས་པ་དེ་རྒྱལ་ཁབ་གཉིས་པོའི་རྩ་བའི་ཁེ་ཕན་དང་མཐུན་པ་དང་ཀྲུང་གོ་དང་ཕ་ན་མའི་དབར་གྱི་འབྲེལ་བར་སྐུལ་འདེད་གཏོང་བ་དང་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་ལས་རིགས་ཁག་གི་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་དུ་གྱུར་ཡོད་པ་དོན་དངོས་ཐོག་ནས་ར་སྤྲོད་བྱུང་ཡོད། ཀྲུང་ཕ་ནི་ལྷག་བསམ་ཟོལ་མེད་དང་ཕན་ཚུན་ཡིད་ཆེས་བྱེད་པའི་གྲོགས་པོ་བློས་ཐུབ་དང་གཉིས་ཕན་གྱི་རོགས་ཟླ་བཟང་པོ་ཞིག་རེད། ངས་ཀྲུང་ཕའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ་སྲིད་འཛིན་ལ་བདམས་ཐོན་བྱུང་བའི་མུའུ་ལི་ནུའོ་དང་མཛའ་གྲོགས་འགྲོ་འོང་བྱས་ཏེ་ཀྲུང་ཕའི་འབྲེལ་བ་སྔ་འཛིན་ཕྱི་གཏོད་རྒྱུན་མཐུད་དང་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱས་ཐོག་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社