ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཁུལ་ཆུང་གི་ཁོར་ཡུག་དེ་གྲོང་མིའི་འཚོ་བའི་སྤུས་ཚད་དང་འབྲེལ་བ་དམ་ཟབ་ཡོད་ལ་གྲོང་ཁྱེར་ཞིག་གི་ཤེས་དཔལ་ཆུ་ཚད་ཀྱི་མཚོན་ཚུལ་གལ་ཆེན་ཞིག་ཀྱང་ཡིན།ཉེ་ཆར།གསར་འགོད་པ་དང་གྲོང་ཁྱེར་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གི་ལས་དོན་མི་སྣས་སྐབས་བསྟུན་འཚམས་འདྲི་བྱེད་སྐབས།གྲོང་ཁུལ་གྱི་ཁུལ་ཆུང་ཁག་གཅིག་ལ་བཙོག་ཟིང་ཞན་གསུམ་གྱི་སྣང་ཚུལ་ཐོན་ནས་གྲོང་མིའི་རྒྱུན་གཏན་འཚོ་བར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དང་།དུས་མཚུངས་གྲོང་ཁྱེར་གྱི་ཤེས་དཔལ་ལ་ཡང་གནོད་འཚེ་ཆེན་པོ་བཟོ་ཡི་ཡོད་པ་ཤེས་རྟོགས་བྱུང་།
ཉིན་དེའི་སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཡི་ཐོག་གསར་འགོད་པ་ཧུང་ཧྲེང་ཁུལ་ཆུང་དུས་ཐེངས་གཉིས་པར་སླེབས་སྐབས་ཁུལ་ཆུང་དུ་སླེབས་མ་ཐག་སྔོ་ལྗང་ཁུལ་མང་པོ་ཞིག་སྔ་ས་ནས་སེར་མདོག་གི་འདམ་བག་ཏུ་གྱུར་པ་དང་།ཐ་ན་སྔོ་ལྗང་ཁུལ་ཁ་ཤས་སུ་ཨར་འདམ་བཏིང་ནས་སྒེར་གྱི་རླངས་འཁོར་འཇོག་པར་སྤྱོད་ཀྱི་ཡོད་པ་དང་།དེ་སྔའི་ཤིང་སྡོང་ཆེན་པོར་ཚད་ལས་བརྒལ་བའི་ཡལ་བཞུར་བརྒྱབ་པས་སྐྱ་ཧྲེང་ཧྲེང་གི་སྡོང་སྐམ་དུ་གྱུར་ཡོད་པ་མཐོང་བྱུང་།མུ་མཐུད་སྦུག་ལ་བསྐྱོད་པས་སྤྱི་པའི་ས་ཆ་ཧམ་བཟུང་གིས་ཁྱི་ཚང་བསྐྲུན་ནས་ཁྱི་གསོ་བྱེད་པ་དང་གད་སྙིགས་གང་བྱུང་དུ་སྤུང་པའི་སྣང་ཚུལ་གང་སར་མཐོང་རྒྱུ་ཡོད།ཁང་པ་ཁག་གཅིག་གི་ཕྱིའི་གྱང་ལྡེབས་ཀྱི་སོ་ཕག་ལྷུང་བ་དང་།སྒེའུ་ཁུང་གི་ཤེལ་སྒོ་ཆག་པ།ས་འོག་རླངས་འཁོར་འཇོག་སའི་འཛུལ་སྒོར་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད།
དེ་རྗེས།གསར་འགོད་པ་གྲོང་ཁྱེར་བྱང་འདབས་བདེ་སྡོད་གླིང་དུས་ཐེངས་བཞི་པར་སྐྱོད་སྐབས་དེ་གའི་གནས་ཚུལ་ཡང་ལེགས་པོ་མིན་པ་ཤེས་རྟོགས་བྱུང་།སྒེར་གྱི་རླངས་འཁོར་གང་འདོད་དུ་བཞག་ནས་མེ་ཟོན་འགྲོ་ལམ་ཧམ་བཟུང་བྱས་པ་དང་།ཐོག་ཁང་གི་ཁྱམས་རའི་ནང་སྦྱར་བའི་དྲིལ་བསྒྲགས་བརྡ་ཁྱབ་སྣང་མེད་དུ་བཏང་ནས་ལྐོག་ཏུ་གློག་སྐུད་འཁྲིད་ནས་གློག་སྒུལ་སྦག་སྦག་ལ་གློག་གསོག་པ།ཐོག་ཁང་གི་ཁྱམས་ར་དང་སྔོ་ལྗང་ཁུལ་སོགས་ཁུལ་ཆུང་གི་ས་ཆ་གང་སར་དངོས་པོ་རྩག་རྩིག་སྤུངས་པ།གད་སྙིགས་བླུག་གཞོང་སྣུམ་དྲེག་གིས་ཁེངས་ཏེ་ཧ་ཅང་བཙོག་པ་བཅས་ཀྱི་སྣང་ཚུལ་ལྡན་པ་ཤེས་རྟོགས་བྱུང་།གསར་འགོད་པས་ད་དུང་ཐོག་ཁང་འོག་གི་སྤྱི་པའི་ས་ཁོངས་སུ་སྐམ་པའི་ཟས་ལྷག་ལ་དུག་སྦྲང་འཁོར་བར་མ་ཟད།དྲི་ངན་འཐུལ་བ་ཡང་ཤེས་རྟོགས་བྱུང་།
ཁུལ་ཆུང་ནི་ཁྱེད་དང་ངའི་འཚོ་བའི་བར་མཐོངས་ཡིན་ལ་གྲོང་ཁྱེར་གྱི་ཤེས་དཔལ་གྱི་བླ་སྲོག་ལྟ་བུ་ཡང་ཡིན།མཛེས་སྡུག་ལྡན་པའི་ཁུལ་ཆུང་གི་ཁོར་ཡུག་དང་སྤུས་ལེགས་ཀྱི་སྤྱི་པའི་སྒྲིག་ལམ་ལྡན་པར་སྤུས་ལེགས་ཀྱི་སྡེ་ལས་ཞབས་ཞུ་དང་ཞིབ་ཚགས་ཀྱི་སྡེ་ལས་དོ་དམ་བྱེད་དགོས་པར་མ་ཟད།གྲོང་མི་ཚང་མས་ཐུན་མོང་ཐོག་འབད་བརྩོན་དེ་བས་བྱེད་དགོས་ཀྱི་ཡོད།ཚང་མས་ཐུན་མོང་ཐོག་ལག་གདང་སྦྲེལ་ནས་སྔར་བས་མཛེས་སྡུག་ལྡན་པ་དང་སྔར་བས་བདེ་ཐང་གི་འཚོ་བའི་ཁོར་ཡུག་གཏོད་གནང་ཡོད་པ་ཞུ།(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社