ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གྲྭ་བཞི་ཁྲོམ་གཞུང་ཉི་དྲོ་གླིང་སྡེ་ཁུལ་དུ་དྲ་མིག་ནང་གི་དབྱར་དགུན་སྟོན་དཔྱིད་ཅེས་པའི་གཏམ་བཤད་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོའི་ནང་དྲ་མིག་མི་སྣས་སྡེ་ཁུལ་གྱི་དྲ་མིག་བཅོས་སྐྱོང་ཁྲོད་ཀྱི་གཏམ་རྒྱུད་ཆུང་ངུ་ལ་དམ་པོར་དམིགས་ནས་གཏམ་བཤད་བྱས་པ་དེ་ཐོག་ནས་དྲ་མིག་མི་སྣས་སྡེ་ཁུལ་གྱི་དྲ་མིག་དོ་དམ་གྱི་བརྒྱུད་རིམ་ནང་སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་ལེགས་སྐྱེས་ཕུལ་བ་དང་སྡེ་ཁུལ་གྱི་བྱ་གཞག་ལ་སེམས་རྩ་འཁོལ་བ། བློ་གཅིག་སེམས་གཅིག་གིས་གཞི་རིམ་བཅོས་སྐྱོང་ལ་གཞོལ་བ། དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་རྣམ་པ་གང་ལེགས་མངོན་ཡོད་པ་རེད།
ཉི་དྲོ་གླིང་སྡེ་ཁུལ་གྱི་ཡུལ་མི་བསོད་ནམས་དགེ་ལེགས་ཀྱིས་ཉི་དྲོ་གླིང་སྡེ་ཁུལ་གྱི་ལས་དོན་པ་དང་དྲ་མིག་མི་སྣས་རྟག་ཏུ་གྲོང་མིའི་ཁྱིམ་དུ་འཚམས་འདྲིར་ཡོང་ནས་ང་ཚོའི་འཚོ་བའི་ཁྲོད་ཀྱི་དཀའ་ངལ་ཐག་གཅོད་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་གི་གཏམ་བཤད་ནང་དོན་ནི་ཁོང་ཚོའི་རྒྱུན་གཏན་གྱི་ལས་ཀའི་མཚོན་ཚུལ་ངོ་མ་ཞིག་རེད་ཅེས་བཤད།
སྡེ་ཁུལ་དྲ་མིག་ཅན་གྱི་དབྱར་དགུན་སྟོན་དཔྱིད་མེད་པར་དམངས་ཀྱི་ཆེད་ཞབས་འདེགས་ཞུ་བའི་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་རི་མོ་བྲིས་ནས་གཞི་རིམ་བཅོས་སྐྱོང་གི་གྲུབ་འབྲས་དངོས་དང་ཕན་འབྲས་མཚོན་གྱི་ཡོད། དྲ་མིག་ལས་བྱེད་པས་རྒྱུན་གཏན་གྱི་ལས་ཀའི་ཁྲོད་འབད་བརྩོན་ཧུར་ཐག་བྱས་ནས་སྡེ་ཁུལ་གྱི་བཅོས་སྐྱོང་ཆེན་པོར་སྐུལ་འདེད་བཏང་ནས་སྡེ་ཁུལ་ལ་ཞི་མཐུན་བརྟན་ལྷིང་གི་ཁོར་ཡུག་བཟང་པོ་ཞིག་བཏོད་དེ་སྡེ་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ནས་དྲ་མིག་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་ཕྱིན་ཡོད་པ་རེད།
ཉི་དྲོ་གླིང་སྡེ་ཁུལ་གྱི་དྲ་མིག་མི་སྣ་བསམ་ནོར་གྱིས་གཏམ་བཤད་འགྲན་བསྡུར་གྱིས་ང་ཚོའི་དྲ་མིག་མི་སྣར་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་སྤེལ་རེས་བྱེད་པའི་སྟེགས་བུ་ཞིག་མཁོ་འདོན་བྱས་ཡོད། སླད་ཕྱིན་གྱི་ལས་དོན་ནང་ངས་རང་ཉིད་ཀྱི་ཕྱོགས་བསྡུས་ནུས་པ་ཆེ་རུ་བཏང་ནས་གཞི་རིམ་དུ་ཟབ་སྐྱོད་བྱས་ཏེ་མང་ཚོགས་ཀྱི་སེམས་ཁྲལ་དེ་བས་ལེགས་པའི་སྒོ་ནས་བསལ་རྒྱུ་ཡིན་ཞེས་བཤད།
ཉེ་ཆར་ར་མོ་ཆེ་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུས་ང་དང་ངའི་དྲ་མིག་ཆུང་ཆུང་ཞེས་པའི་སྒྲོག་འགྲེལ་འགྲན་བསྡུར་ཆེན་པོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་དྲ་མིག་མི་སྣ་ལྔ་རེས་མོས་ཀྱིས་གར་སྟེགས་ཐོག་བསྐྱོད་དེ་ལྷག་བསམ་ཟོལ་མེད་ཀྱི་བརྩེ་དུང་དང་གསོན་ཉམས་དོད་པའི་སྐད་ཆ་སྤྱད་དེ་ཁོངས་གཏོགས་དྲ་མིག་ནང་གི་དྲ་མིག་མི་སྣ་དང་ཁོངས་གཏོགས་ཁུལ་གྱི་གྲོང་མིའི་དབར་བྱུང་བའི་མི་སེམས་འགུལ་བའི་གཏམ་རྒྱུད་དང་། རྒྱུན་གཏན་གྱི་འཚོ་བ་དང་ཁྱིམ་མཚེས་དབར་ཕན་ཚུན་རོགས་རམ་དང་ཐུགས་ཁུར་བྱེད་པའི་གཏམ་རྒྱུད་སོགས་བརྗོད་པ་དང་འབྲེལ་དྲ་མིག་མི་སྣ་ཞིག་ཡིན་པའི་ངོས་ནས་རང་ཉིད་ཀྱི་འགན་འཁྲི་དང་སྡེ་ཁུལ་གྱི་འགྱུར་ལྡོག་གླེང་བ་རེད། སྒྲོག་འགྲེལ་བྱེད་སྒོའི་ཁྲོད་དྲ་མིག་མི་སྣ་མི་རེ་ངོ་རེས་གཏམ་རྒྱུད་མི་འདྲ་བ་བཤད་ཀྱི་ཡོད་མོད། འོན་ཀྱང་འགྱུར་ལྡོག་མེད་པ་ནི་སྡེ་ཁུལ་དྲ་མིག་མི་སྣས་ཁོངས་གཏོགས་ཁུལ་གྱི་གྲོང་མིར་ཞབས་འདེགས་ཞུ་བའི་དམིགས་ཡུལ་དང་སྡེ་ཁུལ་འཕེལ་རྒྱས་ལ་འབད་བརྩོན་བྱས་པ་དེ་རེད།
ར་མོ་ཆེ་སྡེ་ཁུལ་གྱི་དྲ་མིག་མི་སྣ་ཨང་དང་པོ་བསྟན་འཛིན་གྱིས་ང་དང་ངའི་དྲ་མིག་ཆུང་ཆུང་ཞེས་པའི་སྒྲོག་འགྲེལ་བྱེད་སྒོར་ཞུཊ་ཐུབ་པར་ཧ་ཅང་དགའ་པོ་བྱུང་། བྱེད་སྒོའི་ནང་ངས་དྲ་མིག་མི་སྣ་གཞན་གྱི་ཐོག་ནས་ཤེས་བྱ་མང་པོ་ཞིག་ཁོང་དུ་ཆུད་བྱུང་བས་སྡེ་ཁུལ་དུ་ལོག་ནས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་བཤད།
ད་ཐེངས་ཀྱི་བྱེད་སྒོའི་ཐོག་ནས་སྡེ་ཁུལ་གྱི་དྲ་མིག་ཅན་གྱི་དཔུང་ཁག་གི་ཕྱོཊ་བསྡུས་བྱང་ཚད་དང་བསམ་པའི་ཉམས་འགྱུར་ཡག་པོ་མངོན་པ་དང་། དྲ་མིག་ཅན་གྱི་དཔུང་ཁག་ཁྲོད་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣ་དང་དཔེ་མཚོན་སྔོག་འདོན་བྱས་ནས་ར་མོ་ཆེ་སྡེ་ཁུལ་གྱི་ལས་ཀའི་གསོན་ཤུཊ་འཕེལ་བ་དང་། དམངས་ལ་ཞབས་འདེགས་ཞུ་བའི་ངར་ཤུཊ་ཆེ་རུ་ཕྱིན་པ། སྡེ་ཁུལ་གྱི་ཞབས་ཞུ་ཞིབ་ཚཊ་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་བཅས་རེད།(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社