ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་5ཚེས་10ཉིན། 2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཚོགས་ཆེན་དེ་རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་།ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པར་བྱེད་ཅེས་པ་གཙོ་དོན་དུ་བྱས་པ་དང་། དེའི་དམིགས་ཡུལ་ནི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱས་པ་དང་། བྱེད་སྒོའི་རྣམ་པ་བཟང་པོ་ཞིག་ཧུར་ཐག་བཏོད་པ་བརྒྱུད། རྒྱ་ཆེའི་ཡུལ་སྐོར་བ་དང་སྐུ་མགྲོན་ཚོར་ངོ་མཚར་ཆེ་བའི་སྙན་ངག་དང་རྒྱང་རིང་ཞིག་གཏོད་རྒྱུ་དེ་རེད།
ཚོགས་ཆེན་གྱི་འཁྲབ་སྟོན་གཙོ་བོ་ཞིག་ནི་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་གཉིས་ཡིན་པ་སྟེ། དེའི་ནང་གི་གངས་ལྗོངས་གནའ་གྲོང་སྟེ་གནས་མཆོག་ལྷ་ས་ཞེས་པའི་ཆེད་དོན་འཁྲབ་སྟོན་དེ་ནི་གླུ་གར་གཙོ་བོར་བྱས་པ་ཞིག་ཡིན་པ་དང་། དེ་ཉིད་ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པའི(སྒྱུ་རྩལ་ཚོགས་པའི)ཆེད་ལས་འཁྲབ་སྟོན་པས་འཁྲབ་སྟོན་བྱ་རྒྱུ་རེད། འཁྲབ་སྟོན་ལེ་ཚན་གྱིས་ལྷ་སའི་ལོ་རྒྱུས་རིག་གནས་དང་། རང་བྱུང་ཡུལ་ལྗོངས། དམངས་སྲོལ་གོམས་སྲོལ་བཅས་གསར་རྩོམ་གྱི་འབྱུང་ཁུངས་བྱས་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་རིག་རྩལ་གསར་གཏོད་ཟུང་འབྲེལ་དམ་ཚགས་བྱས་ཏེ།ལྟད་མོ་བར་དགའ་སྣང་དང་སེམས་འགུལ་ཆེན་པོ་ཐེབས་པའི་གསོལ་སྟོན་ཞིག་བཤམས་རྒྱུ་དང་ཆབས་ཅིག་ཉེ་བའི་ལོ་གཉིས་རིང་གསར་རྩོམ་བྱས་པའི་ལྷ་སའི་ངོ་མཚར་ཆེ་བའི་ཁྱད་ལྡན་གླུ་གཞས་ཀྱང་ལྟད་མོ་བར་ཕུལ་ནས་ལྷ་སའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཚད་མེད་མངོན་རྒྱུ་རེད།
རིག་རྩལ་འཁྲབ་སྟོན་གཞན་ཞིག་ནི་གནམ་ཚོའི་དར་ཁ་ཕྱེ་བའི་རིག་རྩལ་འཁྲབ་སྟོན་ཡིན་པ་སྟེ། དེ་ཉིད་གཙོ་བོ་འདམ་གཞུང་རྫོང་སྒྱུ་རྩལ་ཚོགས་པ་དང་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་འཁྲབ་སྟོན་པ་ཚོས་འཁྲབ་སྟོན་བྱ་རྒྱུ་རེད། འཁྲབ་སྟོན་དེ་གནམ་ཚོའི་ཡུལ་ལྗོངས་རྒྱབ་ལྗོངས་སུ་བྱས་ནས་སྤྲོ་སྣང་ལྡན་པའི་ཞབས་བྲོ་དང་། སྙན་འཇེབས་ལྡན་པའི་རྫི་གླུ། གདོད་མའི་རྣམ་པའི་འཁྲབ་སྟོན་བཅས་ཀྱི་ཐོག་ནས་གནམ་མཚོའི་འགྲམ་ཀྱི་མང་ཚོགས་ནི་འཚོ་བར་དགའ་ཞེན་ཆེ་བ་དང་ཁོང་ཚོའི་ལས་ལ་བརྩོན་པའི་སྤྱོད་བཟང་མཚོན་རྒྱུ་དང་། བབ་ཆགས་ཀྱི་ལེ་ཚན་འཁྲབ་སྟོན་བྱས་པ་བརྒྱུད་ལྟད་མོ་བ་རྣམས་ལ་གཉན་ཆེན་ཐང་ལྷ་དང་གནམ་མཚོའི་བློ་བརྟན་འགྱུར་མེད་ཀྱི་བརྩེ་དུང་དང་། རྫི་གླུ་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འཚོ་བ་ཡང་མཚོན་པར་བྱས་ནས་བོད་རིགས་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་མཛེས་རིས་ཤིག་ཀྱང་མངོན་རྒྱུ་རེད། གཞན་ཡང་འཁྲབ་སྟོན་ཐོག་ད་དུང་གཡུང་དྲུང་རྒྱལ་དང་། ཚེ་རིང་དོན་གྲུབ། བསོད་ནམས་དགོན་པོ་སོགས་གྲགས་ཅན་འཁྲབ་སྟོན་པ་ཡང་གདན་དྲངས་ནས་སྤྱི་ཕན་འཁྲབ་སྟོན་ལ་གཞོགས་འདེགས་བྱས་ཏེ། འཁྲབ་སྟོན་གྱི་རྣམ་པ་སྔར་བས་ཕུན་སུམ་ཚོགས་སུ་དང་འཁྲུག་ཆ་དོད་དུ་གཏོང་རྒྱུ་ཡིན་པ་རེད།
ཟླ་5ཚེས་17ནས་ཚེས་26ཉིན་བར་འཚོག་རྒྱུའི་2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་ཐོག་རྫོང(ཆུས)ཁག་དང་རིག་གནས་རིགས་ཁེ་ལས་ཀྱིས་ད་དུང་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་དང་ཁྱད་ལྡན་རིག་གནས་གསར་གཏོད་ཐོན་རྫས་འགྲེམས་འཚོང་དང་ཉམས་ལེན་བྱེད་སྒོ་སྤེལ་ནས་ལྷ་སའི་རིག་གནས་ཞབས་ཞུའི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་། རིག་གནས་ཞབས་ཞུ་དེ་ཁྱད་ལྡན་ཅན་དང་སྣ་མང་ཅན་དུ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ། རིག་གནས་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པར་བྱེད་པ་བཅས་བྱས་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་འཚོགས་པ་དེས་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་ལ་གསོན་ཤུགས་གསར་པ་བསྣན་ནས་རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བ་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་མ་ཟད། ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་ཡང་བསྣོན་རྒྱུ་ཡིན་པ་རེད།
གསར་འགོད་པས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོའི་བར་གྲོང་ཁྱེར་ཡོངས་ཀྱི་རིག་གནས་དང་འབྲེལ་ཡོད་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་26.21ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་61འཕར་ཡོད་པ་དང་། ད་ལོའི་དུས་ཚིགས་དང་པོར་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་6.5ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་30འཕར་ནས་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་30ལས་བརྒལ་རེ་ཡོད་པ་རེད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社