ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།བོད་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། ཁྲེང་ཀོན་ཆུས་བཅས་རིམ་པ་གསུམ་གྱི་ནག་ཚོགས་གཙང་སེལ་གཞུང་ལས་ཁང་གིས་ནག་སེལ་གཤེད་འཇོམས་ཀྱིས་ཐུན་མོང་ཐོག་ལྷིང་འཇགས་ལ་སྲུང་སྐྱོང་བྱེད་ཅེས་པ་གཙོ་དོན་དུ་བྱས་པའི《སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》འགྲེམས་སྤེལ་དང་ལག་བསྟར་བྱས་ནས་ལོ་གཉིས་འཁོར་བའི་དྲིལ་བསྒྲགས་རིག་རྩལ་འཁྲབ་སྟོན་དེ་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་གཟབ་རྒྱས་ངང་གཉེར་བ་རེད།
བྱེད་སྒོའི་ནང་རང་སྐྱོང་ལྗོངས་ནག་ཚོགས་གཙང་སེལ་གཞུང་ལས་ཁང་དང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས། ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་སོགས་ནག་ཚོགས་གཙང་སེལ་ཁོངས་མིའི་ཚན་པ་27གྱིས་དྲིལ་བསྒྲགས་ལག་དེབ་དང་དྲིལ་བསྒྲགས་ཡི་གེ་སྤྲོད་པ་དང་། འཕྲེད་འགེལ་སྦྱར་ཡིག་བསྒར་བ། འགྲེམས་སྟོན་བྱང་བུ་འཛུགས་པ། བྱ་དགའ་ཡོད་པའི་དྲི་བ་དྲིས་ལན་རྒྱག་པ། རིག་རྩལ་འཁྲབ་སྟོན་བྱེད་པ། ཡུལ་དངོས་སུ་དོགས་འདྲིར་ལན་འདེབས་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་མང་ཚོགས་ལ་རྒྱུན་ལྡན་ཅན་གྱི་ནག་སེལ་གཤེད་འཇོམས་འཐབ་རྩོད་ཀྱི་དོན་སྙིང་གལ་ཆེན་དང་། ཐེར་འདོན་ལས་སྟེགས། ཐེར་འདོན་བྱེད་སྟངས་སོགས་ཁྱབ་གདལ་དུ་བཏང་ནས། མང་ཚོགས་ཀྱིས་ཁྲིམས་ཤེས་པ་དང་ཁྲིམས་བརྩི་སྲུང་བྱེད་པར་ཁྲིད་སྟོན་དང་།མང་ཚོགས་ཀྱིས་ནག་ཚོགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་འདོན་སྤྲོད་ཧུར་ཐག་བྱ་རྒྱུར་བསྔགས་སྐུལ་དང་ཁྲིད་སྟོན་བྱས་ཏེ་སྒྲིག་འཛུགས་ཡོད་པའི་ཉེས་གསོག་ཐེར་འདོན་བྱས་པ་དང།་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱིས་ནག་ཚོགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་བཀག་འགོག་བྱེད་པའི་ནུས་པ་སྔར་བས་ཆེ་རུ་བཏང་སྟེ་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་ངོ་རྒོལ་བྱེད་དགོས་པའི་སྐུལ་མ་བཏང་བ་རེད།
ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ལས་རོགས་ཀྲང་དབྱི་ཧན་གྱིས་ང་ཚོས་གཙོ་གནད་ཐོག་ནག་སེལ་གཤེད་འཇོམས་དང་། རྒན་གསོའི་ཁ་བསླུས་འགོག་པ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག་སོགས་ཀྱི་ཐད་དྲིལ་བསྒྲགས་བྱས་ཏེ་མང་ཚོགས་ལ་བཅའ་ཁྲིམས་ཐོག་ནས་དོགས་པ་སེལ་ནས་མི་དམངས་མང་ཚོགས་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་བ་དང་རྒྱུ་ནོར་ལ་གྱོང་གུན་ཕོག་པ་སྔོན་འགོག་བྱེད་དགོས། གལ་ཏེ་ཚང་མར་འབྲེལ་ཡོད་བཅའ་ཁྲིམས་ཀྱི་དབང་ཆར་གནོད་འཚེ་གཏོང་བའི་གནད་དོན་དང་འཕྲད་ཚེ་ང་ཚོའི་ཞིབ་དཔྱོད་ཞབས་ཞུའི་ཐད་སྦྲེལ་ཁ་པར་12309ལ་ཁ་པར་རྒྱག་རོགས་ཞེས་བཤད།
རིག་རྩལ་འཁྲབ་སྟོན་དེ་མང་ཚོགས་ཀྱིས་ལྟ་འདོད་པའི་འཁྲབ་སྟོན་གྱི་རྣམ་པ་བརྒྱུད་མང་ཚོགས་ལ་ནག་སེལ་གཤེད་འཇོམས་ཀྱི་འཐབ་རྩོད་སྤེལ་བའི་དོན་སྙིང་གལ་ཆེན་དང་། ཏང་ཨུད་དང་སྲིད་གཞུང་གིས་ནག་ཚོགས་སྟོབས་ཤུགས་ལ་རྡུང་རྡེག་གཏོང་བ། མི་དམངས་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་ལ་འགན་སྲུང་བྱེད་པའི་ཆོད་སེམས་བརྟན་པོ་དང་བློ་སྟོབས་བརྟན་པོ་དྲིལ་བསྒྲགས་བྱས་ཡོད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社