ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་རིང་། མལ་གྲོ་གུང་དཀར་རྫོང་གིས་རྫོང་གྲོང་གི་ས་རྒོད་སྔོ་འགྱུར་གྱི་ལས་དོན་ཧུར་ཐག་སྤེལ་ཞིང་། ཉིན་ཤས་གོང་། གསར་འགོད་པས་མལ་གྲོ་གུང་དཀར་རྫོང་ཀ་ཚལ་ཁུལ་གསར་གྱི་སྤར་ཁ་ལམ་གྱི་ཕྱོགས་གཡས་གཡོན་གཉིས་སུ་ལྗིད་འདེགས་འཕྲུལ་འཁོར་སོགས་ཕར་འགྲོ་ཚུར་འོང་བྱེད་པ་དང་ལས་དོན་མི་སྣས་ལག་ཏུ་ཡོ་བྱད་བཟུང་ནས་རྡོ་སྒྲུག་པ་དང་རྩྭའི་སོན་འདེབས་པ་སོགས་ཧ་ཅང་བྲེལ་འཚུབ་ཆེ་བའི་རྣམ་པ་མཐོང་བྱུང་།
མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་གུང་དཀར་གྲོང་ཚོའི་གྲོང་མིས་གླུ་གཞས་གཏོང་བཞིན་རྡོ་སྒྲུག་བཞིན་ཡོད། གུང་དཀར་གྲོང་ཚོའི་ཆ་དཀར་ཚོགས་ཆུང་གི་གྲོང་མི་པ་སངས་མེ་ཏོག་གིས་ད་ལྟ་ཞིང་ལས་ཀྱི་དུས་ཚོད་ཟིན་མེད་པས་ཁྱིམ་དུ་བསྡད་ཀྱང་ལས་ཀ་གཞན་མི་འདུག འདི་གར་ལས་ཀ་བྱས་ན་ཅུང་ལས་སླ་པོ་ཡོད་པར་མ་ཟད། ཉིན་གཅིག་ལ་གླ་ཕོགས་སྒོར་200ཡོད་པས་ཁྱིམ་སྤྱོད་ཀྱི་ཁ་གསབ་བྱེད་ཐུབ་ཅེས་བཤད།
རང་གྲོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་སྤྱོད་ཆེན་པོའི་འབྲེལ་ཡོད་བཀོད་སྒྲིག་གཞིར་བཟུང་། མལ་གྲོ་གུང་དཀར་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱིས་རྫོང་གི་ས་རྒོད་བརྟག་དཔྱད་ཀྱི་ལས་དོན་ཧུར་ཐག་སྤེལ་ནས་ཁྱོན་སྒོར་ཁྲི་240ལྷག་ཙམ་བཏང་ནས་རྫོང་གི་འཆར་འགོད་ནང་གི་མུའུ་46.6ལ་སྔོ་ལྗང་འབྱུང་ཁམས་ཀྱི་ལས་དོན་བསྒྲུབས་ཡོད། མིག་སྔར་ས་དབོར་ནས་ཁོད་སྙོམས་པ་དང་། ཆུ་གཏོར་མ་ལག་བཀོད་སྒྲིག རྩྭ་སོན་འདེབས་པ་སོགས་ཀྱི་འབྲེལ་ཡོད་ལས་དོན་ལེགས་གྲུབ་ཟིན་པ་དང་། སྔོན་དཔག་བྱས་པར་གཞིགས་ན། ཟླ་5པའི་ཟླ་དཀྱིལ་དུ། ཚང་མ་ལེགས་འགྲུབ་ཟིན་པར་བྱ་རྒྱུ་མ་ཟད། སྔོ་ལྗང་ཁུལ་བསྐྲུན་རྒྱུ་ཡིན་པ་རེད། སླད་ཕྱིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་ལྗང་བཅོས་སྐྱོང་གི་ལས་དོན་གྱི་བླང་བྱ་གཞིར་བཟུང་སྟེ་དུས་མཇུག་གི་དོ་དམ་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་མུ་མཐུད་འཐུས་ཚང་དུ་གཏོང་རྒྱུ་ཡིན་པ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社