ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། འཕྲལ་སྡོམ་ཉེན་གཡོལ་གྱི་ཤེས་བྱ་ཁྱབ་གདལ་དང་། སློབ་གྲྭའི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་འཇལ་བའི་ནུས་པ་མཐོ་རུ་གཏོང་བ། བདེ་འཇགས་ཀྱི་དོན་རྐྱེན་སྣ་ཚོགས་འབྱུང་བར་སྔོན་འགོག་དང་ཉུང་དུ་གཏོང་བ། སློབ་གྲྭའི་བདེ་འཇགས་ཀྱི་བཙན་རྫོང་བརྟན་པོར་འཛུགས་པ་བཅས་བྱ་ཆེད། ཉེ་ཆར་ལྷ་ས་མཐོ་གསར་ལག་རྩལ་ཁུལ(སྣེའུ་ཁུལ་གསར)གྱིས་སྣེའུ་ཁྲོམ་གཞུང་ལྟེ་བའི་སློབ་ཆུང་དུ་2024ལོའི་ལོ་འཁོར་གྱི་སློབ་གྲྭ་རྡིབ་པ་དང་མི་སྣ་རྡོག་རྫིས་ཐེབས་པའི་འཕྲལ་སྡོམ་ནང་སྦྱོང་བྱས་པ་རེད།
ད་ཐེངས་ཀྱི་ནང་སྦྱོང་ནང་སློབ་གྲྭའི་དགེ་སློབ་ཀྱིས་རིག་རྩལ་འཁྲབ་སྟོན་བྱེད་སྐབས་གནས་སྐབས་བསྐྲུན་པའི་གར་སྟེགས་གློ་བུར་དུ་བརྡིབས་ནས་མི་སྣར་རྨས་སྐྱོན་ཕོག་པ་དང་རྗེས་སུ་ཁ་འགྲེམས་བྱེད་པའི་བརྒྱུད་རིམ་ནང་སློབ་མ་ཞིག་འགྱེལ་སྟབས་སློབ་མ་མང་པོས་རྡོག་རྫིས་ཐེབས་པའི་དོན་རྐྱེན་ཐོན་པའི་ལད་ཟློས་ཀྱི་ནང་སྦྱོང་བྱས་ཤིང་། ནང་སྦྱོང་བྱེད་རིང་སློབ་གྲྭའི་འཕྲལ་སྡོམ་ཚོགས་ཆུང་གིས་སྔོན་ཇུས་ཀྱི་འགན་འཁྲི་གཞིར་བཟུང་དུས་ཐོག་ཏུ་དགེ་སློབ་ཁ་འགྲེམས་བྱེད་པ་དང་ཆབས་ཅིག་རང་སྐྱོབ་ཐག་གཅོད་ལས་དོན་སྤེལ་བ་དང་འབྲེལ་གཅིག་རྗེས་གཉིས་མཐུད་ངང་119ལ་ཁ་པར་བརྒྱབ་ནས་རོགས་སྐྱོར་བྱ་རྒྱུའི་རེ་ཞུ་བྱས་པ་དང་ལྷ་ས་མཐོ་གསར་ལག་རྩལ་ཁུལ(སྣེའུ་ཁུལ་གསར)ལ་མཛུབ་སྟོན་རེ་ཞུའི་སྙན་ཞུ་ཕུལ་པ་རེད། དེ་རྗེས་རོགས་སྐྱོབ་རུ་ཆེན་119དང་། ཁོངས་གཏོགས་ཁུལ་གྱི་མངགས་གཏོང་ཁང་། སྨན་བཅོས་སྲོག་སྐྱོབ་ཚོགས་ཆུང་། ལྷ་སའི་མཐོ་གསར་ལག་རྩལ་ཁུལ(སྣེའུ་ཁུལ་གསར)བཅས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གཅིག་རྗེས་གཉིས་མཐུད་ངང་ལས་འཛོལ་ཐོན་སར་འབྱོར་ཞིང་། ཡུལ་དངོས་སུ་བཀོད་འདོམས་པུའུ་བཙུགས་ནས་ལས་འཛོལ་མི་འདྲ་བའི་ཐད་རོགས་སྐྱོབ་ཐག་གཅོད་དང་ཆ་འཕྲིན་བརྡ་ཁྱབ་བཏང་བ་རེད།
སྣེའུ་ཁྲོམ་གཞུང་ལྟེ་བའི་སློབ་ཆུང་གི་སློབ་མ་བསྟན་འཛིན་བདེ་ཆོས་ཀྱིས་ད་ཐེངས་ཀྱི་འཕྲལ་སྡོམ་ནང་སྦྱོང་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཞིང་། ཉེན་ཁ་འཕྲད་སྐབས་རྒན་ལགས་ཀྱིས་སློབ་སྟོན་བྱས་པའི་གོ་རིམ་ལྟར་བསྒྲུབ་དགོས་པ་དང་། བདེ་འཇགས་ཐད་ཀྱི་ཤེས་བྱ་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱས་ཚེ་རང་ཉིད་ལ་སྲུང་སྐྱོབ་བྱེད་ཐུབ་པར་མ་ཟད། མི་གཞན་ལའང་རོགས་རམ་བྱེད་ཐུབ་ཅེས་བཤད།
ད་ཐེངས་ཀྱི་ནང་སྦྱོང་བྱས་པ་བརྒྱུད་སློབ་གྲྭའི་འཕྲལ་སྡོམ་རོགས་སྐྱོབ་སྔོན་ཇུས་ཀྱི་ལག་བསྟར་བྱེད་འཐུས་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ལ་སྔར་བས་ཞིབ་བཤེར་བྱས་པ་དང་སློབ་གྲྭའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་བ་དང་། འཕྲལ་སྡོམ་རོགས་སྐྱོབ་ཀྱི་འབྲེལ་ཡོད་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ། འཕྲལ་སྡོམ་རོགས་སྐྱོབ་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་ཚང་བཤེར་ཆད་གསབ་ཀྱི་ནུས་པ་ཐོན་ནས་སླད་ཕྱིན་སློབ་གྲྭའི་ཐོལ་བྱུང་གི་དོན་རྐྱེན་སྣ་ཚོགས་ཐག་གཅོད་བྱ་རྒྱུར་ཉམས་མྱོང་རྩ་ཆེན་མཁོ་འདོན་བྱས་ཡོད་ལ་བདེ་འཇགས་ལྡན་པའི་སློབ་གྲྭ་འཛུགས་སྐྲུན་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། སྣེའུ་ཁྲོམ་གཞུང་ལྟེ་བའི་སློབ་ཆུང་གི་སློབ་སྤྱི་བསམ་གཏན་ཆོས་གྲགས་ཀྱིས་ང་ཚོའི་སློབ་གྲྭས་སློབ་གྲྭའི་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་ཤེས་རྟོགས་ཐུབ་ནས་ཡུལ་དངོས་ཀྱི་ནང་སྦྱོང་གར་སྟེགས་རྡིབ་པ་སོགས་འཕྲལ་སྡོམ་ནང་སྦྱོང་བྱས་པ་བརྒྱུད་དགེ་སློབ་ཚོས་དུས་ཡུན་ཐུང་ངུའི་ནང་ཉེན་ཁ་ཆེ་བའི་ཁུལ་ནས་མགྱོགས་མྱུར་ཕྱིར་འཐེན་བྱེད་ཐུབ་པ་དེའི་ཐོག་ནས་ད་ཐེངས་ཀྱི་ནང་སྦྱོང་ལ་ཕན་ནུས་ལྡན་པ་ར་སྤྲོད་བྱུང་ཡོད། ཕྱིས་འབྱུང་ང་ཚོས་སློབ་གྲྭའི་བདེ་འཇགས་དོ་དམ་ལས་དོན་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་དུས་བཀག་ལྟར་འཕྲལ་སྡོམ་ནང་སྦྱོང་སྣ་ཚོགས་སྒྲིག་འཛུགས་བྱེད་པ་དང་དགེ་སློབ་ཀྱི་བདེ་འཇགས་ཀྱི་འདུ་ཤེས་དང་འཕྲལ་སྡོམ་ཐག་གཅོད་ཀྱི་ནུས་པ་སྔར་བས་ཆེ་རུ་བཏང་སྟེ་སློབ་གྲྭ་ཡུན་རིང་བདེ་འཇགས་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།
བདེ་འཇགས་ཨང་དང་པོར་འཇོག་པ་དང་སྔོན་འགོག་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ལྷ་ས་མཐོ་གསར་ལག་རྩལ་ཁུལ(སྣེའུ་ཁུལ་གསར)གྱིས་འབྲེལ་ཡོད་སྡེ་ཚན་དང་མུ་མཐུད་མཉམ་ལས་དམ་ཟབ་བྱས་ཏེ་གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ཁུལ། གཙོ་གནད་མི་སྣ་བཅས་ལ་དམིགས་ཏེ་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་བརྟག་དཔྱད་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བདེ་འཇགས་འཕྲལ་སྡོམ་ནང་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ནང་སྦྱོང་ལ་བརྟེན་ནས་སྦྱོང་བརྡར་ལ་སྐུལ་འདེད་གཏོང་བ། སྦྱོང་བརྡར་ལ་བརྟེན་ནས་འགོག་སྲུང་བྱེད་པ་བཅས་བྱས་ནས་བདེ་འཇགས་དང་བརྟན་ལྷིང་ཁོངས་གཏོགས་ཁུལ་གྱི་ཁོར་ཡུག་མུ་མཐུད་གཏོད་རྒྱུ་ཡིན་པ་རེད། ལྷ་ས་མཐོ་གསར་ལག་རྩལ་ཁུལ(སྣེའུ་ཁུལ་གསར)དོ་དམ་ཨུ་ལྷན་བདེ་འཇགས་ལྟ་སྐུལ་ཅུས་ཀྱི་ཅུས་ཀྲང་དབྱངས་ཅན་གྱིས་ལྷ་ས་མཐོ་གསར་ལག་རྩལ་ཁུལ(སྣེའུ་ཁུལ་གསར)གྱི་སྡེ་ཚན་ཁག་གིས་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ནས་རང་སོ་སོའི་སྔོན་ཇུས་དང་བསྡུར་བ་ནན་ཏན་བྱས་ཏེ་ཚང་བཤེར་ཆད་གསབ་དང་། བདེ་འཇགས་དྲིལ་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། རྒྱ་ཆེའི་མང་ཚོགས་ཀྱི་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཛ་དྲག་དང་གློ་བུར་གྱི་དོན་རྐྱེན་འགོག་པའི་ནུས་པ་མཐོ་རུ་གཏོང་བ། ཁྱབ་ཁོངས་ཁག་གི་བདེ་འཇགས་འཕེལ་རྒྱས་ཐད་ཐུན་མོང་ཐོག་བཅོས་སྐྱོང་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་བཤད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社