分享按钮

ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་ཆུ་རགས་དོ་དམ་སྲུང་སྐྱོབ་མི་སྣས་ལོ་བཅུ་ཕྲག་ཁ་ཤས་རིང་གཙང་པོར་སྲུང་སྐྱོང་བྱས་ནས་ལྷད་མེད་ཀྱི་བརྩེ་བ་མཚོན་པར་བྱས་པ།

ལྷ་སའི་སྐྱིད་ཆུའི་འགྲམ་ངོགས་སུ་མི་ཚོགས་འདི་འདྲ་ཞིག་ཡོད་དེ། ཁོང་ཚོས་ཉིན་ལྟར་གཙང་པོའི་འགྲམ་ངོགས་སུ་སྐོར་ཞིབ་དང་གད་སྙིགས་གཙང་སེལ་བྱས་ཏེ་ང་ཚོའི་གཙང་པོར་སྲུང་སྐྱོབ་བྱེད་བཞིན་པ་དང་། ཁོང་ཚོས“ཆུ་དྭངས་ཤིང་གཙང་བ་དང་། ཆུའི་འགྲམ་ངོགས་སྔོ་ཞིང་ལྗང་བ། ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པ”བཅས་ཀྱི་ལྷ་སའི་སྐྱིད་ཆུའི་ཁོར་ཡུག་གསར་པ་ཞིག་གཏོད་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་བཞིན་ཡོད། ཁོང་ཚོ་ནི་ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་ཆུ་རགས་དོ་དམ་སྲུང་སྐྱོབ་མི་སྣ་ཡིན་པ་དང་། ང་ཚོས་ཁོང་ཚོར“ཆུ་དཔོན”ཞེས་འབོད་ཀྱི་ཡོད། དཔལ་ལྡན་བློ་རྒྱ་ནི་དེའི་ཁྲོད་ཀྱི་ཆུ་རགས་དོ་དམ་སྲུང་སྐྱོབ་མི་སྣ་སྔ་ཤོས་ཤིག་ཡིན།

ལྷ་སའི་སྐྱིད་ཆུའི་འགྲམ་ངོགས་སུ་སྐྱོད་སྐབས་རླུང་བུ་བསིལ་བསིལ་དུ་ལྡང་ནས་ཆུ་ངོས་སུ་རླབས་རིས་འཕྱུར་ཞིང་། ཆུ་བྱའི་ཚོགས་རྣམས་རྩེད་འཇོར་རོལ་བཞིན་ཡོད་པས་ལྷ་སའི་སྐྱིད་ཆུའི་འབྱུང་ཁམས་སྔར་བས་མཛེས་་པར་བརྒྱན་ཡོད། སྟོད་གོས་དམར་པོ་གྱོན་པའི་ཆུ་རགས་དོ་དམ་སྲུང་སྐྱོབ་མི་སྣ་ཁྱུ་གཅིག་གིས་ལག་ཏུ་གད་སྙིགས་ཁུག་མ་དང་འཇབ་ཙེ་བཟུང་ནས་ཆུ་འགྲམ་གྱི་གད་སྙིགས་གཙང་སེལ་བྱེད་བཞིན་ཡོད། ཁོང་ཚོ་ནི་ལྷ་སའི་སྐྱིད་ཆུའི་འགྲམ་ངོགས་ཀྱི་ཆེས་གཅེས་པའི་མི་ཚོགས་ཤིག་རེད།

དཔལ་ལྡན་བློ་རྒྱ་ད་ལོ་ལོ་50ལ་སླེབས་པ་དང་། 1995ལོར་ལྷ་སའི་སྐྱིད་ཆུའི་ཆུ་རགས་དོ་དམ་སྲུང་སྐྱོབ་དཔུང་ཁག་ནང་ཞུགས་ནས་ལྷ་སའི་སྐྱིད་ཆུའི་ཆུ་རགས་དོ་དམ་སྲུང་སྐྱོབ་མི་སྣ་སྔ་ཤོས་ཀྱི་གྲས་སུ་གྱུར་ཡོད། སྐབས་དེར་ལྷ་སའི་སྐྱིད་ཆུའི་གྲོང་ཁུལ་གྱི་སྤྱི་ལེ་20ལྷག་ཙམ་གྱི་ཆུ་རགས་དོ་དམ་ཁྱབ་ཁོངས་ནང་ཆུ་རགས་དོ་དམ་མི་སྣ་5ལས་མེད། ཆུ་བེད་རྨང་གཞིའི་སྒྲིག་བཀོད་མི་འདང་བ་དང་འགྲིམ་འགྲུལ་ཆ་རྐྱེན་ཧ་ཅང་སྟབས་མི་བདེ་བའི་ལོ་རབས་དེར་མི་5ལས་མེད་པའི་ཆུ་རགས་དོ་དམ་སྲུང་སྐྱོབ་དཔུང་ཁག་དེ་བལྟས་ན་ཉམ་ཐག་པ་དང་གླེང་རིན་མེད་པ་ཞིག་ཡིན་མོད། འོན་ཀྱང་དཔུང་ཁག་ཆུང་ཆུང་དེ་ལྷ་སའི་སྐྱིད་ཆུའི་མེད་དུ་མི་རུང་བའིསྲུང་སྐྱོབ་པ་ཞིག་ཏུ་གྱུར་ནས་ཉིན་ལྟར་ལྷ་སའི་སྐྱིད་ཆུའི་གྲོང་ཁུལ་གྱི་ས་ཆ་རེ་རེ་གོམ་ཆུང་སྤོས་ཏེ། ལྷ་སའི་སྐྱིད་ཆུ་དང་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཆེད་དུ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

དཔལ་ལྡན་བློ་རྒྱ་ཡིས་དཀའ་ངལ་ཆེ་ཤོས་ནི་མཚན་མོར་མི་འགའ་ཞིག་གིས་གཙང་འགྲམ་དུ་གད་སྙིགས་དབྱུགས་ཀྱི་ཡོད་པ་དང་། གད་སྙིགས་གཙང་སེལ་བྱེད་སྐབས་སྐྱེལ་འདྲེན་རླངས་འཁོར་རྙེད་ཀྱི་མེད་ལ་གད་སྙིགས་བླུགས་ས་ཡང་རྙེད་ཀྱི་མེད་པ་དེ་རེད། དེ་སྔོན་སྟབས་བདེ་པོ་མེད་པས་རང་ཉིད་ཀྱིས་ཐབས་ཤེས་གཏོང་དགོས་ཀྱི་ཡོད། ད་ཆ་དེ་སྔོན་དང་མི་འདྲ་བར་ང་ཚོའི་གནད་དོན་འཕྲལ་མར་ཐག་གཅོད་བྱེད་ཀྱི་ཡོད་ཅེས་བཤད།

དུས་རབས་གོང་མའི་ལོ་རབས་90པར་ལྷ་སའི་སྐྱིད་ཆུའི་ཆུ་རགས་ཀྱི་ཚད་གཞི་སྔར་བཞིན་ཧ་ཅང་དམའ་བ་དང་། གཞི་རྩའི་ཆ་ནས་རྡོ་རྩིག་ངོགས་སྲུང་དང་རང་བྱུང་ཆུ་ལམ་གྱི་རྣམ་པར་གནས་ཡོད། ལོ་ལྟར་ཆུ་འབྲུབ་དུས་འབྲུབ་འགོག་གི་གནོན་ཤུགས་ཧ་ཅང་ཆེན་པོ་ཡོད་པ་དང་། ཆུ་འབྲུབ་དུས་ཆུ་བེད་སྡེ་ཚན་གྱི་ལས་བྱེད་པ་དང་ལས་བཟོ་བ་ཚོས་རེས་མོས་ངང་གཙང་པོར་སྐོར་ཞིབ་བྱ་རྒྱུ་དེ་རྒྱུན་གཏན་གྱི་རྣམ་པར་གྱུར་ཡོད། དཔལ་ལྡན་བློ་རྒྱ་ལྷ་སའི་སྐྱིད་ཆུའི་ཆུ་རགས་དོ་དམ་སྲུང་སྐྱོབ་དཔུང་ཁག་གི་ཙུའུ་ཀྲང་ཡིན་པའི་ངོས་ནས་འགན་འཁྲི་ཆེན་པོ་འཁུར་དགོས་ཀྱི་ཡོད་ལ། ཉིན་མཚན་དབྱེར་མེད་ངང་ལྷ་སའི་སྐྱིད་ཆུའི་འབྲུབ་འགོག་བདེ་འཇགས་ཐད་སེམས་ཁྲལ་བྱེད་དགོས་ཀྱི་ཡོད། ཁོང་གིས་སུན་སྣང་སྤུ་ཙམ་མེད་པའི་སྒོ་ནས་ཉིན་རེའི་ལས་ཀ་དག་ཡང་སྐོར་བསྐྱར་སྐོར་བྱེད་ཀྱི་ཡོད་པ་དང་། རང་ཉིད་ཀྱི་ཁྱིམ་གྱི་བྱ་བ་ཙག་ཙིག་བློས་བཏང་ནས་ཚང་མའི་བདེ་འཇགས་ཆེད་ལས་དོན་སྒྲུབ་ཀྱི་ཡོད་པས་ཚང་མས་ཡིད་སྨོན་བྱེད་པའི་ཚོགས་པ་ཞིག་ཏུ་གྱུར་ཡོད། དུས་འགོར་ཆུང་མས་ཁོང་གི་གནང་སྟངས་ལ་བསམ་ཤེས་བྱེད་ཀྱི་མེད་མོད། འོན་ཀྱང་ཁོང་གིས་རང་གི་ལས་གནས་བློས་གཏོང་གཏན་ནས་བྱས་མེད།

དཔལ་ལྡན་བློ་རྒྱས་ཐོག་མར་དཔུང་ཁག་དེའི་ནང་ཞུགས་ནས་མི་རྣམས་ཀྱི་མདུན་ནས་གད་སྙིགས་སྒྲུག་སྐབས་ཅུང་མི་བདེ་བའི་སྣང་བ་ཞིག་འདུག་མོད། འོན་ཀྱང་ཕྱིས་སུ་གོམས་ནས་ལས་ཀ་དེར་རིམ་གྱིས་དགའ་ཞེན་སླེབས་ཀྱི་འདུག དུས་འགོར་ནང་མིས་བསམ་ཤེས་དེ་ཙམ་བྱེད་ཀྱི་མེད་མོད། འོན་ཀྱང་ངས་བློས་གཏོང་སྤུ་ཙམ་མ་བྱས་པར་ནང་མིར་བསམ་བློའི་ལས་དོན་ཐད་ཁྲིད་སྟོན་བྱས་ཡོད། ད་ཆ་ངའི་བཟའ་ཟླ་ཡང་ལས་ཀ་དེའི་ནང་ཞུགས་ཡོད་པས་ངེད་གཉིས་ཀྱིས་མཉམ་དུ་ལས་ཀ་ཧུར་ཐག་སྒྲུབ་བཞིན་ཡོད་ཅེས་བཤད།

གྲོང་ཁྱེར་འཕེལ་རྒྱས་དང་དོ་དམ་ཞིབ་ཚགས་ཀྱི་དགོས་མཁོ་དང་བསྟུན་ནས་2006ལོར་ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་སླར་ཡང་ཆུ་རགས་དོ་དམ་སྲུང་སྐྱོབ་པ་10ལྷག་ཙམ་བསྡུས་ཡོད། སྐབས་དེ་དུས་གླ་ཕོགས་དང་ཐོབ་ཐང་ཟླ་རེར་སྒོར་240ལས་མེད་ཀྱང་། ཆོས་སྒྲོན་ལ་བཟའ་ཟླའི་ཤུགས་རྐྱེན་ཐེབས་པས་ཁྱོ་ག་དང་དཔུང་པ་མཉམ་གཤིབ་ངང་ལས་དོན་ནང་ཞུགས་ནས་ཁྱིམ་ཚང་རྣམ་པའི་ཆུ་རགས་དོ་དམ་སྲུང་སྐྱོབ་པ་ཞིག་གྲུབ་ཡོད། ཁོང་བཟའ་ཚོ་གཉིས་ཀྱིས་ལྷ་སའི་སྐྱིད་ཆུར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་བཞིན་ཡོད།

དཔལ་ལྡན་བློ་རྒྱས་མིག་སྔར་ལྷ་སའི་གྲོང་ཁུལ་ལམ་དུམ་གྱི་དོ་དམ་སྲུང་སྐྱོབ་མི་སྣའི་ཁྲོད་དུ་བཟའ་ཚང་ཡིན་པ་གསུམ་ཙམ་ཡོད་པས་ཧ་ཅང་ཡག་པོ་ཡོད་ལ། ཁྱིམ་མི་ཚོས་ཀྱང་ང་ཚོའི་ལས་དོན་ལ་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད་ཅེས་བཤད།

བཟའ་ཟླས་བསམ་ཤེས་བྱས་པ་དང་ལས་དོན་དེའི་ནང་ཞུགས་པ་དང་། སོ་སོ་རང་ཉིད་ཀྱིས་དགའ་ཞེན་རྒྱུན་འཁྱོངས་བྱས་པར་བརྟེན་ནས་དཔལ་ལྡན་བློ་རྒྱས་ལས་གནས་གཅིག་ཏུ་མི་ལོ་29ཡི་རིང་ལས་དོན་བསྒྲུབས་ཡོད་ཅིང་། ད་ཆ་ཁོང“སྤྱི་དམངས་ཀྱི་ཆུ་དཔོན”ཕུལ་བྱུང་ཞིག་ཏུ་གྱུར་ཡོད། ལོ་29དེའི་ནང་། ཁོང་གིས་ལྷ་སའི་ཆུ་བེད་བྱ་གཞག་འཕེལ་རྒྱས་ཡར་ཐོན་འགྲོ་བའི་ལམ་ཐག་རེ་རེ་བདེན་དཔང་བྱས་ཡོད།

དཔལ་ལྡན་བློ་རྒྱས་ལས་གནས་མུ་མཐུད་བརྟན་སྲུང་བྱ་རྒྱུ་ཡིན་ལ། འདི་ལྟར་བྱས་ཚེ་གཞི་ནས་ལས་ཁུངས་ཀྱི་ཡིད་ཆེས་དང་བཟའ་ཟླའི་རྒྱབ་སྐྱོར་ཆུད་ཟོས་སུ་འགྲོ་མི་ཐུབ་ཅེས་བཤད།

མིག་སྔར། ལྷ་སའི་སྐྱིད་ཆུའི་གྲོང་ཁུལ་ལམ་དུམ་དུ་དོ་དམ་སྲུང་སྐྱོབ་མི་སྣ་43ཡོད་པ་དང་། དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་འགྲོ་བཞིན་ཡོད། དཔལ་ལྡན་བློ་རྒྱའི་ཁྱིམ་ཚང་གིས་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་རྒྱུན་འཛིན་བྱེད་བཞིན་ཡོད་ལ། ལྷ་སའི་སྐྱིད་ཆུར་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་གསོན་ཤུགས་གསར་པ་སྣོན་བཞིན་ཡོད། དེ་བས“ཆུ་དྭངས་ཤིང་གཙང་བ་དང་། ཆུའི་འགྲམ་ངོགས་སྔོ་ཞིང་ལྗང་བ། ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པ”བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བཞིན་ཡོད། ཆུ་རགས་དོ་དམ་སྲུང་སྐྱོབ་མི་སྣ་འདི་དག་གིས་ཉིན་མཚན་དབྱེར་མེད་ངང་དཀའ་སྤྱད་འབད་བརྩོན་བྱས་པར་བརྟེན་ནས་ཚང་མར་མཛེས་སྡུག་ལྡན་པའི་ལྷ་སའི་སྐྱིད་ཆུ་མཐོང་ཐུབ་པར་བྱུང་ཡོད།

དཔལ་ལྡན་བློ་རྒྱས་སྔོན་མ་དང་མི་འདྲ་བར། ད་ཆ་ལྷ་སའི་སྐྱིད་ཆུའི་འགྲམ་ངོགས་ཀྱི་ཁོ་ར་ཁོར་ཡུག་ཀུན་གཙང་ཞིང་ཡིད་དུ་འོང་བ་ཞིག་ཏུ་གྱུར་ཡོད། ང་ཚོའི་ལས་དོན་ལ་གྲུབ་འབྲས་ཐོབ་པ་མཐོང་སྐབས་སེམས་ནང་དགའ་སྣང་ཆེན་པོ་འདུག ཕྱིས་འབྱུང་། ཚང་མས་འབད་བརྩོན་བྱས་པ་བརྒྱུད་ལྷ་སའི་སྐྱིད་ཆུ་དེ་བས་གཙང་བ་དང་མཛེས་སྡུག་ལྡན་པར་འགྱུར་རྒྱུའི་རེ་བ་ཡོད་ཅེས་བཤད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-11 6 6 拉萨日报藏文 c180717.html 1 ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་ཆུ་རགས་དོ་དམ་སྲུང་སྐྱོབ་མི་སྣས་ལོ་བཅུ་ཕྲག་ཁ་ཤས་རིང་གཙང་པོར་སྲུང་སྐྱོང་བྱས་ནས་ལྷད་མེད་ཀྱི་བརྩེ་བ་མཚོན་པར་བྱས་པ། /enpproperty-->