ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་7ཉིན། ལྷ་ས་གྲོང་ཁྱེར་གྱི་བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་འགོད་ལས་སྒོའི་ཤེས་བྱའི་གསོ་སྦྱོང་འཛིན་གྲྭ་ལྷ་ས་ཀྲོའུ་ཅིས་གསོལ་མགྲོན་ཁང་ཆེན་དུ་སློབ་འགོ་ཚུགས་པ་རེད། ལྷ་ས་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར་སོགས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་དང་དེ་བཞིན་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་ཁག་ནས་ཁྱོན་མི་70ལྷག་ཙམ་གསོ་སྦྱོང་ནང་ཞུགས་ཡོད་པ་རེད།
སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རིམ་པ་གཉིས་པའི་སྐོར་ཞིབ་པ་ལྷག་པ་སྒྲོལ་མས་རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གཞུང་དོན་ཁང་གི་ཚབ་ཞུས་ནས་གསུང་བཤད་གནང་བ་རེད། གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཟླ་སྒྲོན་གྱིས་གསོ་སྦྱོང་སློབ་ཚན་དང་པོ་ཁྲིད་སྐབས་ཁོང་གིས་བུད་མེད་དང་བྱིས་པའི་ལས་དོན་གྱི་གལ་ཆེའི་རང་བཞིན་གཙོ་དོན་དུ་བྱས་ནས་ཀྲུང་གོའི་བུད་མེད་ཚོགས་ཆེན་བཅུ་གསུམ་པ་དང་སྒྲིག་སྲོལ་གཉིས་ཀྱི་གསོ་སྦྱོང་དོན་སྙིང་གལ་ཆེན་དང་། བུད་མེད་དང་བྱིས་པའི་ལས་དོན་གྱི་དཀའ་གནད། བུད་མེད་དང་བྱིས་པའི་ལས་དོན་གྱི་འབད་བརྩོན་ཁ་ཕྱོགས་བཅས་ཕྱོགས་བཞིར་དམ་པོར་དམིགས་ཏེ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད།
སྒྲིག་སྲོལ་གཉིས་ཀྱི་ལས་དོན་ལག་བསྟར་བྱ་རྒྱུ་དེ་ང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་ལས་དོན་ཙམ་མ་ཡིན་པར་ད་དུང་ང་ཚོའི་རྒྱ་ཆེའི་སྐྱེས་པ་བློ་མཐུན་རྣམས་ཧུར་ཐག་གིས་དེའི་ནང་ཞུགས་དགོས། ད་ཐེངས་ཀྱི་སློབ་སྦྱོང་བརྒྱུད་ང་ཚོས་བུད་མེད་དང་བྱིས་པའི་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་སྔར་བས་ཆེ་རུ་གཏོང་བ་དང་། འགན་འཁྲི་དང་ལས་འགན་གྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། ཕྱིར་ལོག་རྗེས་ཁོངས་མིའི་ཚན་པ་ཁག་དང་མཐུན་སྦྱོར་འབྲེལ་གཏུགས་བྱས་ནས་དུས་ཐོག་ཏུ་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཏེ་རང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནག་ཆུ་གྲོང་ཁྱེར་བུད་མེད་དང་བྱིས་པའི་ལས་དོན་གཞུང་ལས་ཁང་གི་རིམ་པ་བཞི་པའི་ཀྲུའུ་རེན་ཁོའོ་ཡོན་མ་ལིས་ཆང་གིས་བཤད།
ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་ཉིན་བདུན་ཡིན་པ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ཡུལ་དངོས་སུ་སློབ་ཁྲིད་ཟུང་འབྲེལ་བྱེད་པའི་བྱ་ཐབས་སྤྱད་དེ་བུད་མེད་དང་བྱིས་པའི་ལས་དོན་གྱི་བླང་བྱ་དང་དམ་པོར་བསྟུན་ཏེ་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་རིགས་སྡེ་ཚན་གྱི་དགེ་རྒན་ཆེ་མོ་བ་དང་རིགས་གཅིག་མཁས་ཅན་དམིགས་བསལ་གདན་དྲངས་ནས་སློབ་མ་ཚོར་སློབ་ཁྲིད་བྱས་པ་རེད། དེ་དང་ཆབས་ཅིག་གསོ་སྦྱོང་ཐད་ཡུལ་དངོས་སུ་སློབ་ཁྲིད་བྱེད་གནས་12བཀོད་སྒྲིག་བྱས་ནས་ཚང་མར་ཉམས་ལེན་དང་། སྤེལ་རེས། ལྟ་སྐོར་སློབ་སྦྱོང་བཅས་བྱ་རྒྱུར་མཁོ་འདོན་བྱས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་དེ་ལྷ་སའི་བུད་མེད་དང་བྱིས་པའི་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ནས་ད་ཐེངས་ཀྱི་གསོ་སྦྱོང་སློབ་སྦྱོང་དེ་ཏང་གཤིས་བློ་སྦྱོང་ཆེ་རུ་གཏོང་བ་དང་། ལས་ཀའི་སྤྲོ་སེམས་འཕེལ་རྒྱས། ཡིད་ཆེས་ཆེ་རུ་གཏོང་བའི་སྣུམ་སྣོན་ས་ཚིགས་ཏུ་བརྩིས་ཏེ་བུད་མེད་དང་བྱིས་པའི་རེས་སྐོར་གསར་པའི་སྒྲིག་སྲོལ་གཉིས་ཀྱི་དམིགས་ཚད་ལས་འགན་ཁག་དུས་བཀག་ལྟར་ལེགས་སྒྲུབ་ཐུབ་པར་བྱས་ནས་ལྷ་སའི་བུད་མེད་དང་བྱིས་པའི་ལས་དོན་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社