ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་གྱི་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་འཛུགས་སྐྲུན་ཀྱི་གད་སྙིགས་ཐོན་ཚད་ཉིན་བཞིན་མང་དུ་འགྲོ་ཡི་ཡོད།གནད་དོན་དེ་ཐག་གཅོད་ནུས་ལྡན་བྱ་ཆེད།མལ་གྲོ་གུང་དཀར་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཆེད་དམིགས་འཛུགས་སྐྲུན་གད་སྙིགས་ཐོན་ཁུངས་ཅན་ཐག་གཅོད་ལྟེ་གནས་འཛུགས་རྒྱུའི་གཏན་འབེབས་བྱས་ཤིང་། མིག་སྔར་རྣམ་གྲངས་དེ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད།
ཟླ་5ཚེས་8ཉིན།གསར་འགོད་པས་མཐོང་བ་ལྟར་ན། མལ་གྲོ་གུང་དཀར་རྫོང་གི་འཛུགས་སྐྲུན་གད་སྙིགས་ཐོན་ཁུངས་ཅན་ཐག་གཅོད་ལྟེ་གནས་ཀྱི་ཨར་སྐྲུན་བྱ་ཡུལ་དུ། བཟོ་པ་ལ་ལས་རྡོའི་རྒྱུ་ཆ་དབོར་བ་དང་། ལ་ལས་གྱང་རྒྱག་པ། ལ་ལས་རྒྱུ་ཆ་འཇོག་སའི་ཁང་པ་སྐྲུན་པ་སོགས་ཀྱི་ལས་ལ་བྲེལ་བཞིན་ཡོད་པ་རེད། རྣམ་གྲངས་དེ་ལག་བསྟར་བྱས་པ་དེས་རྫོང་གྲོང་གི་འཛུགས་སྐྲུན་གད་སྙིགས་ཐག་གཅོད་ཀྱི་ལས་ཕྱོད་དང་སྤུས་ཚད་མཐོ་རུ་འགྲོ་རྒྱུ་མ་ཟད། ད་དུང་ཁོར་ཡུག་སྦགས་བཙོག་ཉུང་དུ་ཕྱིན་ནས་རྫོང་གྲོང་གི་སྤྱི་ཡོངས་ཀྱི་རྣམ་པ་ལེགས་སུ་འགྲོ་ཐུབ་ངེས་ཡིན། དེ་དང་ཆབས་ཅིག་གྲོང་མིར་དེ་བས་གཙང་ཞིང་མཛེས་པའི་འཚོ་བའི་ཁོར་ཡུག་ཅིག་གཏོད་རྒྱུ་ཡིན་པ་རེད།
འཛུགས་སྐྲུན་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེ་ནི་ད་ལོའི་ཟླ་4པའི་ཟླ་སྟོད་ནས་བཟུང་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། སྔོན་དཔག་བྱས་པ་ལྟར་ན། ཟླ་5པའི་ཟླ་མཇུག་ཏུ་བསྐྲུན་ཚར་ནས་བེད་སྤྱོད་གཏོང་འགོ་ཚུགས་རྒྱུ་ཡིན་པ་རེད། ཐག་གཅོད་ལྟེ་གནས་དེས་སྔོན་ཐོན་གྱི་ལག་རྩལ་དང་དོ་དམ་བྱ་ཐབས་སྤྱད་དེ་འཛུགས་སྐྲུན་གད་སྙིགས་གཅིག་སྡུད་ཐོག་བསྡུ་རུབ་དང་། རིགས་དབྱེ། ཐག་གཅོད་བཅས་གཞི་གཅིག་ཅན་གྱི་ལས་ཀ་བྱས་ནས་ཆུ་ཚོད་རེར་འཛུགས་སྐྲུན་གད་སྙིགས་ཏུན་900ཡས་མས་ཐག་གཅོད་ཐུབ་ནས་འཛུགས་སྐྲུན་གད་སྙིགས་ཚན་རིག་དང་མཐུན་པའི་ངང་ཐག་གཅོད་ཐུབ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།
མལ་གྲོ་གུང་དཀར་རྫོང་གྲོང་ཁྱེར་དོ་དམ་ཅུས་ཀྱི་ལས་དོན་མི་སྣ་ཞུས་ལིན་དབྱང་གིས་མལ་གྲོ་གུང་དཀར་རྫོང་གི་འཛུགས་སྐྲུན་གད་སྙིགས་ཐོན་ཁུངས་ཅན་ཐག་གཅོད་ལྟེ་གནས་བསྐྲུན་རྗེས། རང་རེའི་རྫོང་གི་ཤང་བདུན་དང་གྲོང་རྡལ་གཅིག་གི་འཛུགས་སྐྲུན་གད་སྙིགས་ཐག་གཅོད་ནུས་ལྡན་ཐུབ་ཅིང་། འཛུགས་སྐྲུན་གད་སྙིགས་ཉུང་གཏོང་ཅན་དང་། ཐོན་ཁུངས་ཅན། གནོད་མེད་ཅན་བཅས་ཀྱི་ཐག་གཅོད་བྱ་ཐབས་ལ་སྐུལ་འདེད་ཐུབ་ནས་འཛུགས་སྐྲུན་གད་སྙིགས་ཉུང་གཏོང་དང་རིན་ཐང་འཕར་རྒྱུར་སྐུལ་འདེད་བྱུང་ནས་རྫོང་གྲོང་གི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་ལ་སྐུལ་འདེད་གཏོང་ཐུབ་རྒྱུ་རེད་ཅེས་བཤད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社