ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གསར་གཏོད་སྐུལ་འདེད་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་གསར་གཏོད་ལས་གཏོད་ཀྱི་འབྱུང་ཁམས་ཁོར་ཡུག་བཟང་པོ་ཞིག་གཏོད་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཁེ་ལས་དར་བ་དང་སྟོབས་ཆེར་འགྲོ་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ནང་གནས་ཀྱི་སྒུལ་ཤུགས་བཅས་སྟོབས་ཆེར་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་ཐིང་ཚན་རྩལ་གསར་གཏོད་ཞབས་ཞུ་ལྟེ་གནས་དང་ལྷ་སའི་སྣེའུ་ཁུལ་གསར་དོ་དམ་ཨུ་ལྷན་གཉིས་གཏོད་ཞབས་ཞུ་གཞུང་དོན་ཁང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་།ལྷ་སའི་མཐོ་རིམ་ཤེས་ལྡན་མི་སྣ་གསར་གཏོད་ལྟེ་གནས(གྲ་སྒྲིག)ཀྱིས་སྒྲུབ་འགན་ཁུར་བའི་2024ལོའི་བོད་རང་སྐྱོང་ལྗོངས་ཀྱི“གླིང་སྣེ་གསུམ་པའི”ལས་གཏོད་མགྱོགས་སུ་གཏོང་བའི་སྒར་ས་དེ་ཟླ་5པ་ནས་6པའི་བར་ལྷ་སར་གཉེར་རྩིས་ཡོད་པ་རེད།
ལས་གཏོད་མགྱོགས་སུ་གཏོང་བའི་སྒར་ས་དེ་གཅིག་སྡུད་གསོ་སྦྱོང་དང་། གཙོ་དོན་མཉམ་སྤྱོད། ཚད་ལྡན་ཁེ་ལས་ཀྱི་ཞིབ་འཇུག་སློབ་སྦྱོང་བཅས་དུས་མཚམས་ཆེན་པོ་གསུམ་ལ་དབྱེ་ཡོད། སློབ་ཚན་ནང་ཁེ་ལས་ཀྱི་རིན་ཐང་ཚོད་དཔག་དང་མ་དངུལ་བསྡུ་སྒྲིལ་གྱི་ཐབས་ཇུས་དང་། ཚོང་ལས་ཅན་གྱི་ཐོན་རྫས་ཇུས་འགོད་དང་ཐུམ་སྒྲིལ། འཛད་སྤྱོད་ཚན་རྩལ་གྱི་ཐོན་ལས་དྲ་སྦྲེལ་ཁྲོད་ཀྱི་གཉེར་སྤྱོད། ལས་གཏོད་ཀྱི“འཛེམ་བྱ་སོ་དྲུག” ཐོག་མའི་ཁེ་ལས་ཀྱི་འགག་རྩའི་ཤེས་ལྡན་མི་སྣ་གདན་ཞུའི་ཐབས་ཇུས་དང་ཐབས་རྩལ། ཁྲོམ་རའི་ཚོང་གཉེར་དང་འགྲན་རྩོད་ཐབས་ཇུས། ཚན་རྩལ་གྲུབ་འབྲས་ཀྱི་མ་འཇོག་གཞན་སྒྱུར་དཔེ་དབྱིབས་བཅས་ཀྱི་སློབ་ཚན་ཆེ་གྲས་བདུན་ཚུད་ཡོད་ཅིང་། རྒྱལ་ནང་གི་འཐབ་ས་མདུན་མའི་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་མེ་ཧྭ་གསར་གཏོད་མ་འཇོག་གི་སྤྱི་ཁྱབ་གཞོན་པ་ཐུའུ་ཅིང་དང་། དབྱིན་ནུའོ་ཕོ་ཉའི་ཐེབས་རྩའི་མ་འཇོག་གི་སྤྱི་ཁྱབ་གཞོན་པ་ཆི་ཡུན་ཏ། ཀྲུང་གོ་ཚན་རིག་ཁྲོང་ཤིང་མ་འཇོག་གི་སྤྱི་ཁྱབ་གཞོན་པ་ཀན་ཁྲའོ་དབྱང་སོགས་རྒྱལ་ནང་གི་གྲགས་ཅན་སློབ་དཔོན་གདན་དྲངས་ནས་ངོ་ཐུག་གདོང་འཕྲད་ཀྱིས་སློབ་ཁྲིད་བྱ་རྒྱུ་ཡིན་པ་རེད།
གསོ་སྦྱོང་བྱ་ཡུལ་གཙོ་བོ་རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ལྗང་མདོག་བཟོ་ལས། དེང་རབས་ཞབས་ཞུ། ས་མཐོའི་སྐྱེ་དངོས། མཐའ་མཚམས་ཚོང་དོན་ཟོག་འགྲུལ། མཐོ་གསར་གྲངས་གཞི་བཅས་ཐོན་ལས་ཁྱབ་ཁོངས་ཆེ་གྲས་བདུན་གྱི་ལས་གཏོད་ཁེ་ལས་གསར་གཏོད་པ་དང་།བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་ལས་གཏོད་ཁེ་ལས་དང་ཚོགས་པའི་འགན་འཁུར་བ།བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་ལས་གཏོད་པའམ་ཡང་ན་འདོད་བློ་ཡོད་པའི་ལས་གཏོད་པ་སོགས་ཚུད་ཡོད་པ་རེད།
ལས་གཏོད་མགྱོགས་སུ་གཏོང་བའི་སྒར་སས་བོད་རང་སྐྱོང་ལྗོངས་ཀྱི་ཐོག་མའི་ཁེ་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དངོས་ལ་གཞིགས་ནས་གསོ་སྦྱོང་གི་ནང་དོན་གཏན་འཁེལ་བྱས་ཡོད་ཅིང་། མ་ལག་ཅན་དང་། དངོས་འཐབ་ཅན། བྱ་སྤྱོད་ཕྱོགས་སྟོན་སློབ་ཁྲིད། ཡུལ་དངོས་སུ་སློབ་ཁྲིད་བཅས་ཀྱི་ཁྱད་ཆོས་ཆེན་པོ་བཞི་ལྡན་ཡོད། དེའི་དམིགས་ཡུལ་ནི་གསར་གཏོད་སྙིང་སྟོབས་དང་ལས་གཏོད་ཀྱི་ནུས་པ་ལྡན་པའི་ཕུལ་བྱུང་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་དང་རོགས་སྐྱོར་བྱ་རྒྱུ་དེ་རེད། གསོ་སྦྱོང་དང་ལག་ལེན་བྱས་པ་བརྒྱུད་ལས་གཏོད་མགྱོགས་སུ་གཏོང་བའི་སྒར་སའི་ཁོངས་མིར་ལས་གཏོད་ཀྱི་ནུས་པ་དེ་བས་ཆེ་བ་དང་དེ་བས་རྒྱ་ཁྱབ་ཀྱི་ཐོན་ཁུངས་ཐོག་ནས་ལས་གཏོད་ཀྱི་ལམ་བུར་རྒྱབ་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན་པ་རེད། སློབ་མ་སྒར་སར་ཞུགས་སྐབས“5+3”གྱི་ངོ་རྒྱུགས་འདེམས་སྒྲུག་ལམ་ལུགས་སྤྱད་དེ་དྲང་པོ་དྲང་གཞག་གི་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག བོད་རང་སྐྱོང་ལྗོངས་ཁོངས་གཏོགས་ཀྱི་ཁེ་ལས་ཚང་མས་མིང་ཐོ་བཀོད་ནས་ཞུགས་ཆོག་པ་དང་དུས་ཐེངས་འདིའི་ལས་གཏོད་མགྱོགས་སུ་གཏོང་བའི་སྒར་ས་ནི་སྤྱི་ཕན་གྱི་རིན་མེད་བྱེད་སྒོ་ཞིག་ཡིན་པ་རེད། མིང་ཐོ་འགོད་པའི་བློ་འདྲི་ཁ་པར་ནི་17852421078(འཕྲིན་ཕྲན་གྱི་ཨང་གྲངས་དེ་ཁ་པར་གྱི་ཨང་གྲངས་དང་མཚུངས)ཡིན།(པ་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社