ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་དང་།ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ལ་སྔར་བས་སྐུལ་འདེད་གཏོང་བ་དང་།ཁོངས་གཏོགས་ཁུལ་གྱི་མི་སྡོད་ཁོར་ཡུག་གི་རྣམ་པ་ལེགས་སུ་གཏོང་ཆེད། ཉེ་ཆར། རྗེ་འབུམ་སྒང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་རྗེ་འབུམ་སྒང་སྡེ་ཁུལ་སྒྲིག་འཛུགས་བྱས་ཏེ།ཁོངས་གཏོགས་ཁུལ་དུ་སྒྲིག་འགལ་ངང་གསར་དུ་བསྐྲུན་པའི་ཁང་པ་བཤིག་རྒྱུའི་བྱ་སྤྱོད་སྤེལ་ནས་སྡེ་ཁུལ་གྱི་སྤྱི་ཡོངས་ཀྱི་བཀོད་པ་དང་།ཁོར་ཡུག་སྔར་བས་ལེགས་སུ་བཏང་ཞིང་།གྲོང་མིར་དེ་བས་སྟབས་བདེ་དང་སྐྱིད་སྣང་དོད་པའི་མི་སྡོད་ཁོར་ཡུག་བཏོད་ཡོད་པ་རེད།
ཉིན་དེར། གླིང་སྐོར་བྱང་ལམ་གྱི་མ་བུའི་ཚོང་ཁང་ཞིག་གི་ཐོག་ཁར་ཨར་ལས་མི་སྣས་སྒྲིག་འགལ་གྱི་ཁང་པ་བཤིག་བཞིན་ཡོད་པ་དང་།ཐེངས་འདིར། སྒྲིག་འགལ་གྱི་ཁང་པ་བཤིག་པའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་450ཟིན་ཡོད། ཁང་པ་བཤིག་པའི་ལས་དོན་བདེ་བླག་ངང་ལེགས་གྲུབ་ཐུབ་ཆེད། དུས་འགོར་སྡེ་ཁུལ་གྱིས་སྒྲིག་འགལ་ངང་ཁང་པ་གསར་དུ་སྐྲུན་མཁན་གྱི་འབྲེལ་ཡོད་མི་སྣར་ཐེངས་མང་བསྐོང་འདྲི་བྱས་པ་དང་། སྲིད་ཇུས་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒྲོག་འགྲེལ་ཡང་ཡང་བྱས་ཏེ།བདེ་འཇགས་ལ་གནོད་པའི་རྐྱེན་ངན་ནན་བཤད་བྱས་པ་དང་།བསམ་བློའི་ལས་དོན་སྤེལ་བར་མ་ཟད། སྒྲིག་འགལ་གྱི་ཁང་པ་བཤིག་རྒྱུའི་མོས་མཐུན་ཡི་གེ་ཡང་བཞག་ཡོད་པ་རེད།
རྗེ་འབུམ་སྒང་ཁྲོམ་གཞུང་གིས“སྔོན་ལ་དུད་ཚང་དུ་བསྐྱོད་དེ་བཅར་འདྲི་དང་དྲིལ་བསྒྲགས་བྱེད་པ་དང་།རྗེས་སུ་སློབ་གསོ་དང་ཁ་ཏ་སློབ་སྟོན་བྱེད་པ།དག་ཐེར་ཡོ་བསྲང་ལ་རྒྱུན་མཐུད་རྗེས་སྙེག་བྱེད་པ།ཕྱོགས་ཡོངས་ནས་ནུས་ཤུགས་བཏོན་ཏེ་སྐུལ་འདེད་གཏོང་བ”བཅས་ཀྱི་ལས་ཀའི་རྣམ་པར་བརྟེན་ནས“འགལ་བ་གཉིས”ཀྱི་ཁང་པ་བཤིག་པའི་བྱ་སྤྱོད་ཤུགས་ཆེན་སྤེལ་བ་དང་། ཁོངས་གཏོགས་ཁུལ་གྱི“ངོས་ལྔའི”སྒྲིག་འགལ་ཨར་སྐྲུན་ཁག་29བདེ་བརླག་ངང་བཤིག་པར་ཁྱོན་སྨི་ངོས་གྲུ་2500ལྷག་ཙམ་ཟིན་ཡོད། རྗེ་འབུམ་སྒང་སྡེ་ཁུལ་གྱི་གྲོང་མི་ལྷག་པས་ཁོངས་གཏོགས་ཁུལ་གྱི་ཁོར་ཡུག་དེ་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་བྱ་ཆེད། གྲོང་ལྷན་གྱིས་ཁོངས་གཏོགས་ཁུལ་གྱི་སྒྲིག་འགལ་གྱི་ཁང་པ་བཤིག་བཞིན་ཡོད་པས་གྲོང་མིའི་མི་ལུས་བདེ་འཇགས་ཐད་འགན་ལེན་ཐུབ་པར་བྱས་པ་མ་ཟད།སྡེ་ཁུལ་གྱི་ཁོར་ཡུག་ཀྱང་མཛེས་སུ་གཏོང་ཐུབ་པས་ང་ཚོས་ལས་དོན་དེར་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད་ཅེས་བཤད།
ཕྱིས་འབྱུང་།རྗེ་འབུམ་སྒང་སྡེ་ཁུལ་གྱིས་ཁོངས་གཏོགས་ཁུལ་གྱི་སྒྲིག་འགལ་གྱི་ཁང་པ་གསར་དུ་སྐྲུན་མཁན་ལ་རྡུང་རྡེག་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས།སྒྲིག་འགལ་ངང་འཛུགས་སྐྲུན་བྱེད་མཁན་གྱི་བྱ་སྤྱོད་ལ་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ་ཤེས་དཔལ་ལྡན་པ་དང་།གནས་སྡོད་ལ་འཚམ་པ།འཆམ་མཐུན་བཅས་ཀྱི་འཚོ་བའི་ཁོར་ཡུག་ཅིག་གཏོད་ཆེད། སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་དང་གྲོང་མིའི་བདེ་སྣང་དང་།སྐྱིད་སྣང་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社