分享按钮

ཞི་ཅིན་ཕིང་གིས་ཧྥ་རན་སེའི་སྲིད་འཛིན་མ་ཁེ་ལུང་དང་ཐུན་མོང་ཐོག་ གསར་འགོད་པར་ཐུག་འཕྲད་གནང་བ།

(པར་ངོས་དང་པོར་མཐུད)གཉིས་ནས་གཉིས་ཕན་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་ཤུགས་ཆེན་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་ཕྱོགས་གཉིས་པོའི་ཚོང་དོན་ཡར་ཐོན་དོ་སྙོམས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཞིང་ལས་དང་བཟའ་བཅའ་དང་དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ། མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་དང་དམངས་སྤྱོད་ཉིང་རྡུལ་ནུས་པ་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ཞིབ་འཇུག་གསར་སྤེལ་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། འབྱུང་འཕྲོད་ནུས་རྒྱུ་དང་། རིག་ནུས་བཟོ་སྐྲུན། སྐྱེ་དངོས་སྨན་རྫས། མིས་བཟོས་རིག་ནུས། ཕྱོགས་གསུམ་པའི་ཁྲོམ་ར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་བཟོ་སྐྲུན་ལས་རིགས་ཀྱི་ཞུགས་འཐུས་ཁྱོན་ཡོངས་ནས་ལྷུག་གཏོང་བྱས་ནས་གློག་འཕྲིན་དང་སྨན་བཅོས་སོགས་ཞབས་ཞུའི་ལས་རིགས་ཀྱི་ཚོང་རར་ཞུགས་འཐུས་སྒོ་དབྱེ་མགྱོགས་སུ་གཏོང་རྒྱུ་ཡིན། ང་ཚོས་ཕྱོགས་གཉིས་ཀྱི་མ་འཇོག་རྒྱ་ཆེར་གཏོང་རྒྱུར་སྐུལ་མ་གཏོང་རྒྱུ་དང་། ཕ་རོལ་པོའི་རྒྱལ་ཁབ་ཀྱི་ཁེ་ལས་ལ་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱ་རྒྱུར་གཞོལ་རྒྱུ་ཡིན། འཚམས་འདྲི་བྱེད་རིང་ཕྱོགས་གཉིས་པོས་མཁའ་འགྲུལ་དང་། ཞིང་ལས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། འབྱུང་འཕྲོད་འཕེལ་རྒྱས། ཁེ་ལས་འབྲིང་ཆུང་གི་མཉམ་ལས་སོགས་ཁྱབ་ཁོངས་ཚུད་པའི་སྡེ་ཚན་དབར་གྱི་མཉམ་ལས་གྲོས་མཐུན་ཁག་18ལ་མིང་རྟགས་བཀོད་པ་རེད།

གསུམ་ནས་ཕར་འགྲོ་ཚུར་འོང་གི་ཐོག་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་མགྱོགས་སུ་གཏོང་རྒྱུ་ཡིན། ཀྲུང་གོ་དང་ཧྥ་རན་སེའི་རིག་གནས་ཡུལ་སྐོར་ལོ་གོ་སྐབས་སུ་བྱས་ནས་སློབ་གསོ་དང་། ལུས་རྩལ། གློག་བརྙན་བརྙན་འཕྲིན། གཞོན་ནུ། ས་གནས་སོགས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོས་ཧྥ་རན་སིས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཡག་པོ་གཉེར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད་ཧྥ་རན་སེའི་གྲོགས་པོ་དེ་བས་མང་བ་ཀྲུང་གོར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་དང་སྦྲགས་ཧྥ་རན་སེ་སོགས་རྒྱལ་ཁབ་12ཀྱི་སྤྱི་དམངས་དུས་ཐུང་ཀྲུང་གོར་ཡོང་བའི་འཐུས་མཆན་ལག་ཁྱེར་མི་དགོས་པའི་སྲིད་ཇུས་དེ་2025ལོའི་ལོ་མཇུག་བར་ནར་འགྱངས་བྱས་ནས་ཧྲང་ཧའེ་ནས་མ་སའེ་བར་གྱི་ཐད་འཕུར་མཁའ་ལམ་མང་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་གཏན་འབེབས་བྱས་པ་ཡིན། ལོ་150ཡི་གོང་ཧྥ་རན་སེའི་མི་སྣ་འཛུགས་སྐྲུན་ནང་ཞུགས་པའི་ཀྲུང་གོའི་ཕུའུ་ཅན་གྲུ་གཟིངས་སྲིད་འཛིན་སློབ་གྲྭ་དང་དུས་རབས་གོང་མའི་དུས་འགོར་ཧྥ་རན་སིར་བསྐྱོད་དེ་སློབ་ཞོར་ལས་ཀ་བྱས་ནས་སློབ་ཡོན་གཉེར་བའི་ལས་འགུལ་ཚང་མ་ནི་རྒྱལ་ཁབ་གཉིས་པོའི་སློབ་གསོ་སྤེལ་རེས་ཀྱི་ལོ་རྒྱུས་ཐོག་གི་གཏམ་རྒྱུད་ཡག་པོ་ཞིག་རེད། ང་ཚོས་ཧྥ་རན་སེས་འདི་ལོའི་ཀྲུང་གོའི་རྒྱལ་སྤྱིའི་སློབ་གསོའི་ལོ་ཚོགས་ཀྱི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་འགན་ཁུར་ནས་འབྱུང་འགྱུར་ལོ་གསུམ་ནང་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་བའི་ཧྥ་རན་སིའི་སློབ་མ་ཁྲི་1ལས་བརྒལ་རྒྱུ་དང་ཡོ་རོབ་ཀྱི་གཞོན་ནུ་ལོ་ཆུང་ཀྲུང་གོར་སྤེལ་རེས་བྱེད་པའི་གཞི་ཁྱོན་ལྡབ་གཅིག་འཕར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན།

བཞི་ནས་གོ་ལ་ཧྲིལ་པོའི་མཉམ་ལས་ཐད་ཀྱི་ངོས་འཛིན་སྔར་ལས་གཅིག་མཐུན་ཡོང་བར་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་གནམ་གཤིས་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་རང་བཞིན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་།མིས་བཟོས་རིག་ནུས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་།རྒྱལ་སྤྱིའི་དངུལ་རྩའི་མ་ལག་སྒྱུར་བཅོས་སོགས་ཁྱབ་ཁོངས་ཀྱི་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་ཀྱིས་2025ལོའི་མཉམ་འབྲེལ་རྒྱལ་ཚོགས་རྒྱ་མཚོའི་ཚོགས་ཆེན་ཡག་པོ་གཉེར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་རྒྱལ་ཁབ་གཉིས་པོའི་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོང་ཁུལ་ཆ་སྒྲིག་བྱ་རྒྱུར་སྐུལ་ལྕག་བྱ་རྒྱུ་བཅས་ཡིན།

ཞི་ཅིན་ཕིང་གིས་གསུངས་དོན།དེང་སྐབས་འཛམ་གླིང་ནི་ཞི་བདེ་ཞིག་མིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་དང་འགན་ཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས་ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་གོ་སྐབས་སུ་བྱས་ཏེ་ལུས་རྩལ་འགྲན་ཚོགས་རིང་གོ་ལ་ཧྲིལ་པོར་དམག་མཚམས་འཇོག་རྒྱུའི་གྲོས་འགོ་འདོན་འདོད་ཡོད།

ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་གདོང་ཐུག་ད་བར་ནར་འགྱངས་བྱས་པ་དེ་ནི་མིའི་རིགས་ཀྱི་གཤིས་བཟང་ལ་ཚོད་བགམ་བྱས་པ་ཞིག་ཡིན་པས།རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་བྱས་རྗེས་འཇོག་དགོས། ང་ཚོས་ཅ་ཧྲར་འཕྲལ་མར་ཁྱོན་ཡོངས་དང་རྒྱུན་མཐུད་ངང་དམག་མཚམས་འཇོག་རྒྱུར་སྐུལ་འདེད་གཏོང་བ་དང་། ཕ་ལེ་སི་ཐན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་དངོས་སུ་འགྱུར་རྒྱུར་རྒྱབ་སྐྱོར་བྱེད་པ། ཕ་ལེ་སི་ཐན་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ།རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་བསྐྱར་དུ་ལག་བསྟར་བྱས་ནས་དབུས་ཤར་ས་ཁུལ་གྱི་ཡུན་རིང་ཞི་བདེ་མངོན་འགྱུར་ཡོང་བར་བྱ་རྒྱུའི་རེ་འབོད་བྱ་རྒྱུ་ཡིན།

ཡུག་རེན་གྱི་ཉམས་ཉེན་སྐོར་ལ་ཀྲུང་གོ་ཕྱོགས་ཀྱིས་ལངས་ཕྱོགས་གསལ་བཤད་ཐེངས་མང་བྱས་ཟིན་པ་ཡིན། ཀྲུང་གོ་ནི་ཉམས་ཉེན་བཟོ་མཁན་མིན་ལ་དོ་བདག་དང་ཞུགས་མཁན་ཡང་མིན། འོན་ཀྱང་ང་ཚོས་ངོགས་ནས་བལྟས་མོར་བལྟ་བཞིན་བསྡད་མེད་པར་ཞི་བདེ་མངོན་འགྱུར་བྱ་ཆེད་ཐོག་མཐའ་བར་གསུམ་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། ཀྲུང་གོ་སྲིད་གཞུང་གི་ཡོ་རོབ་དང་ཨེ་ཤེ་ཡའི་ལས་དོན་གྱི་དམིགས་བསལ་འཐུས་མིས་རེས་སྐོར་གསུམ་པའི་འདུམ་འགྲིག་བྱེད་འགོ་བཙུགས་ཡོད། དུས་མཚུངས་སུ་ང་ཚོས་ཡུག་རེན་གྱི་ཉམས་ཉེན་ལ་བརྟེན་ནས་དོན་རྐྱེན་དེ་དག་དང་འབྲེལ་བ་རྩ་བ་གཉིས་ནས་མེད་པའི་རྒྱལ་ཁབ་ལ་རང་སྐྱོན་གཞན་བཙུགས་བྱས་ཏེ་ཁག་དཀྲི་བ་དང་འཇམ་འཐབ་གསར་པ་ངན་སྐུལ་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། གདོང་ཐུག་གང་ཞིག་ཡིན་རུང་མཐར་མཇལ་མོལ་བྱས་ནས་ཐག་གཅོད་བྱ་རྒྱུ་ལས་ཐབས་གཞན་མེད་པ་ལོ་རྒྱུས་ཀྱིས་ཡང་ཡང་ར་སྤྲོད་བྱས་ཡོད། ང་ཚོས་ཕྱོགས་ཁག་གིས་འབྲེལ་གཏུགས་དང་སྐད་ཆ་ཤོད་རེས་བསྐྱར་དུ་བྱས་ནས་ཕན་ཚུན་ཡིད་ཆེས་རིམ་བཞིན་གསོག་འཇོག་བྱེད་དགོས་པའི་རེ་འབོད་བྱེད་པ་དང་། ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་པོས་ཁས་ལེན་དང་། ཕྱོགས་ཁག་འདྲ་མཉམ་ངང་ཞུགས་པ། དྲང་གཞག་ངང་ཞི་བདེའི་ཇུས་གཞི་ཚང་མར་གྲོས་བསྡུར་བཅས་བྱེད་པའི་རྒྱལ་སྤྱིའི་ཞི་བདེའི་ཚོགས་འདུ་འཚོག་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། དོ་སྙོམས་དང་། ནུས་ལྡན། རྒྱུན་མཐུད་བཅས་ཀྱི་ཡོ་རོབ་ཀྱི་བདེ་འཇགས་སྒྲོམ་གཞི་འཛུགས་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན།

ཞི་ཅིན་ཕིང་གིས་གསུངས་དོན།འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བ་དང་ལོ་75རིང་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་ཀྲུང་གོའི་རྒྱལ་ཁབ་ཀྱི་རྣམ་པ་དང་མི་དམངས་ཀྱི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་མོད། འོན་ཀྱང་འགྱུར་ལྡོག་བྱུང་མེད་པ་ཞིག་ནི་ང་ཚོའི་ཞི་བདེའི་རང་གཤིས་བཟང་པོ་དང་། རྒྱ་ཆེ་ལ་ཁོང་ཡངས་ཀྱི་བློ་རྒྱ། དྲང་གཞག་དྲང་བདེན་གྱི་དོན་གཉེར་བཅས་རེད། དེ་ནི་ལོ་ངོ་5000ལྷག་ཙམ་རིང་གི་ཀྲུང་ཧྭའི་ཤེས་རིག་ལས་རྩ་བ་ཚུགས་པ་དང་། ཀྲུང་གོའི་མི་དམངས་ཀྱི་རྣམ་ཤེས་ཀྱི་གཏིང་དུ་སྐྱེས་ཡོད། ཀྲུང་གོས་ཧྥ་རན་སེ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་བཏང་ནས་ལག་གདང་སྦྲེལ་ཏེ་མདུན་སྐྱོད་དང་། ཆར་རླུང་མཉམ་དུ་མྱོང་བ། འབྱུང་འགྱུར་མཉམ་དུ་གཏོད་འདོད་ཡོད།

ཚའེ་ཆི་དང་ཝང་དབྱི་སོགས་ཚོགས་འདུར་ཞུགས་པ་རེད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-08 6 6 拉萨日报藏文 c180600.html 1 ཞི་ཅིན་ཕིང་གིས་ཧྥ་རན་སེའི་སྲིད་འཛིན་མ་ཁེ་ལུང་དང་ཐུན་མོང་ཐོག་ གསར་འགོད་པར་ཐུག་འཕྲད་གནང་བ། /enpproperty-->