分享按钮

ཞི་ཅིན་ཕིང་གིས་ཧྥ་རན་སེའི་སྲིད་འཛིན་མ་ཁེ་ལུང་དང་མཇལ་མོལ་གནང་བ།

(པར་ངོས་དང་པོར་མཐུད)འཐབ་ཇུས་ཀྱི་འབྲེལ་གཏུགས་རྒྱུན་འཁྱོངས་བྱས་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་བརྩི་འཇོག་བྱེད་པ་དང་།ཕྱོགས་གཉིས་པོའི་འབྲེལ་བའི་འཐབ་ཇུས་བརྟན་ལྷིང་སྲ་བརྟན་དུ་གཏོང་བ།གཉིས་ཕན་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་སྔོག་འདོན་བྱས་ནས་ཕྱོགས་གཉིས་པོའི་ཉོ་ཚོང་ཡར་ཐོན་དོ་མཉམ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།ཀྲུང་གོས་ཧྥ་རན་སེའི་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ནང་འདྲེན་བྱས་ནས་ཧྥ་རན་སེའི་ཞིང་ར་ནས་ཀྲུང་གོའི་གསོལ་ལྕོག་བར་གྱི་ལམ་སྲོལ་ལ་སྐུལ་འདེད་བཏང་ནས་དོན་དམ་པའི་གྲུབ་འབྲས་དེ་བས་མང་བ་ཐོབ་འདོད་ཡོད་ལ་ཧྥ་རན་སིས་ཀྲུང་གོར་ལག་རྩལ་མཐོ་བ་དང་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་དེ་བས་མང་བ་ཕྱིར་གཏོང་བྱ་རྒྱུའི་རེ་བའང་ཡོད།ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་འཇིག་རྟེན་འཕུར་སྐྱོད་དང་མཁའ་འགྲུལ་སོགས་སྲོལ་རྒྱུན་ལེགས་ཆ་ལྡན་པའི་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་།ཉིང་རྡུལ་ནུས་པ་དང་།གསར་གཏོད།དངུལ་རྩ་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་འབྱུང་འཕྲོད་ནུས་རྒྱུ་དང་།རིག་ནུས་བཟོ་སྐྲུན།སྐྱེ་དངོས་སྨན་རྫས།མིས་བཟོས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བར་ཤུགས་སྣོན་རྒྱག་དགོས།ཀྲུང་གོས་བཟོ་སྐྲུན་ལས་རིགས་ཀྱི་ཞུགས་འཐུས་ཁྱོན་ཡོངས་ནས་ལྷུག་གཏོང་བྱས་ནས་གློག་འཕྲིན་དང་སྨན་བཅོས་སོགས་ཞབས་ཞུའི་ལས་རིགས་ཀྱི་ཁྲོམ་རར་འཇུག་འཐུས་སྒོ་དབྱེ་མགྱོགས་སུ་གཏོང་རྒྱུ་དང་།ཧྥ་རན་སེའི་ཁེ་ལས་དེ་བས་མང་བ་ཀྲུང་གོར་མ་འཇོག་བྱེད་པར་དགའ་བསུ་ཞུ་རྒྱུ་དང་དུས་མཚུངས།ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཧྥ་རན་སེར་མ་འཇོག་མཉམ་ལས་བྱེད་པར་ཚོང་གཉེར་ཁོར་ཡུག་བཟང་པོ་དང་བརྟན་ལྷིང་ངང་འཕེལ་རྒྱས་གཏོང་བའི་སྔོན་དཔག་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་གསུངས་གནང་བ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧྥ་རན་སེ་གཉིས་ཀ་རིག་གནས་རྒྱལ་ཁབ་ཆེན་པོ་ཡིན་པས།ཕྱོགས་གཉིས་པོས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་འགྲོ་འོང་བྱེད་མགྱོགས་སུ་གཏོང་བ་དང་།ཀྲུང་གོ་དང་ཧྥ་རན་སེའི་རིག་གནས་ཡུལ་སྐོར་ལོའི་བྱེད་སྒོ་ཁག་མུ་མཐུད་ཡག་པོ་གཉེར་ཏེ་རིག་དངོས་མཉམ་འབྲེལ་སྲུང་སྐྱོང་ཉམས་གསོའི་ལས་དོན་དང་འཛམ་གླིང་ཤུལ་བཞག་ཁུལ་གྱི་འབྲེལ་བ་ཡག་པོ་ཡོང་བ་སོགས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེའི་གྲོགས་པོ་དེ་བས་མང་བ་ཀྲུང་གོར་ཕེབས་པར་དགའ་བསུ་ཞུ་རྒྱུ་དང་ཧྥ་རན་སེའི་གྲོགས་པོ་སོགས་རྒྱལ་ཁབ་12ཀྱི་སྤྱི་དམངས་དུས་ཐུང་ཀྲུང་གོར་ཡོང་རྒྱུར་ཐོངས་མཆན་མི་དགོས་པའི་སྲིད་ཇུས་དེ་2025ལོའི་ལོ་མཇུག་བར་ནར་འགྱངས་བྱས་ནས་འབྱུང་འགྱུར་ལོ་གསུམ་ནང་ཀྲུང་གོར་ཕེབས་པའི་ཧྥ་རན་སེའི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མ་ཁྲི་1ལས་བརྒལ་རྒྱུ་དང་།ཡོ་རོབ་ཀྱི་གཞོན་ནུ་ལོ་ཆུང་ཀྲུང་གོར་སྤེལ་རེས་བྱེད་པའི་གཞི་ཁྱོན་ལྡབ་གཅིག་འཕར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན།ཀྲུང་གོ་ཕྱོགས་ཀྱིས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཡག་པོ་གཉེར་རྒྱུར་ཧྥ་རན་སེར་རྒྱབ་སྐྱོར་བྱ་རྒྱུ་དང་ཆུ་ཚད་མཐོ་བའི་འཐུས་མི་ཚོགས་པ་ཧྥ་རན་སེ་རུ་མངགས་ནས་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན།ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་གནམ་གཤིས་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་རང་བཞིན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་།ཧྥ་རན་སེ་ཕྱོགས་ནས་མཉམ་འབྲེལ་རྒྱལ་ཚོགས་རྒྱ་མཚོའི་ཚོགས་ཆེན་ཡག་པོ་གཉེར་རྒྱུར་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོང་ཁུལ་ཆ་སྒྲིག་བྱ་རྒྱུར་སྐུལ་མ་གཏོང་འདོད་ཡོད།ཀྲུང་གོ་ཕྱོགས་ཀྱིས་ཀྱང་ཧྥ་རན་སེ་ཕྱོགས་དང་མིས་བཟོས་རིག་ནུས་བཅོས་སྐྱོང་དང་རྒྱལ་སྤྱིའི་དངུལ་རྩའི་མ་ལག་སྒྱུར་བཅོས་སོགས་ཁྱབ་ཁོངས་ནང་སྐད་ཆ་ཤོད་རེས་དང་འབྲེལ་གཏུགས་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད་ཅེས་ནན་གསུངས་གནང་བ་རེད།

མ་ཁེ་ལུང་གིས་འདི་ལོ་ཧྥ་རན་སེ་དང་ཀྲུང་གོས་ཧྥ་རན་སེ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བར་ཐུན་མོང་ཐོག་རྟེན་འབྲེལ་གཟབ་རྒྱས་ཞུ་རྒྱུ་ཡིན།ཧྥ་རན་སེ་དང་ཀྲུང་གོའི་འབྲེལ་བ་མཛའ་གྲོགས་ལྡན་པ་དང་མཉམ་ལས་ལ་ཕན་འབྲས་ཆེན་པོ་ཐོན་གྱི་ཡོད་པ་དེ་རྩེར་སོན་ལག་རྩལ་དང་འབྲེལ་བ་ཡོད་པར་མ་ཟད།གནམ་གཤིས་འགྱུར་ལྡོག་དང་རྒྱ་མཚོའི་སྣ་མང་རང་བཞིན་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གྲོས་གཞི་དང་ཡང་འབྲེལ་བ་ཡོད།ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་རིང་།ཕྱོགས་གཉིས་པོས་མཉམ་ལས་གྲོས་མཐུན་མང་པོ་ཞིག་ལ་མིང་རྟགས་བཀོད་ནས་ཧྥ་རན་སེ་དང་ཀྲུང་གོའི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་དང་མདུན་ལམ་སླར་ཡང་མངོན་པར་བྱ་རྒྱུ་རེད།མིག་སྔར་འཛམ་གླིང་ལ་ཁ་ཚ་དགོས་གཏུགས་ཀྱི་འགྲན་སློང་མང་པོ་འཕྲད་ཡོད་པ་དང་ཧྥ་རན་སེ་དང་ཀྲུང་གོའི་འབྲེལ་བ་སྔ་འཛིན་ཕྱི་གཏོད་ཀྱི་འགག་རྩའི་དུས་སྐབས་སུ་གནས་ཡོད།ཧྥ་རན་སེ་དང་ཀྲུང་གོའི་འབྲེལ་བར་རྨང་གཞི་ཟབ་མོ་ལྡན་པས་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་ཕུགས་ལ་དམིགས་པ།མཉམ་ལས་ལ་ཤུགས་སྣོན་བཅས་བརྒྱབ་ཚེ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཐག་གཅོད་དང་ཚོགས་པ་ཁ་གཏད་འགྲན་རྒོལ་མི་ཡོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་རྒྱུ་རེད།ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་གཉིས་པོའི་དཔལ་འབྱོར་འབྲེལ་བ་དང་ཕྱོགས་མང་འབྲེལ་གཏུགས་མཉམ་ལས་སྔར་བས་དམ་ཟབ་བྱས་ནས་ཧྥ་རན་སེ་དང་ཀྲུང་གོའི་འཐབ་ཇུས་རོགས་ཟླའི་འབྲེལ་བར་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོར་ཞིང་ལས་ཐོན་རྫས་དེ་བས་མང་བ་ཕྱིར་གཏོང་བྱ་རྒྱུའི་རེ་བ་བྱེད་པ་དང་དུས་མཚུངས།ཀྲུང་གོར་ཁྲོམ་ར་སྒོ་དབྱེ་རྒྱུན་འཁྱོངས་བྱ་རྒྱུ་དང་།ཀྲུང་གོའི་ཁེ་ལས་ལ་དམིགས་ནས་མཐོང་ཆུང་རང་བཞིན་གྱི་སྲིད་ཇུས་མི་སྤེལ་བ་དང་ལག་རྩལ་མཐོ་བའི་ཁེ་ལས་ཚུད་པའི་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཧྥ་རན་སིར་མ་འཇོག་མཉམ་ལས་བྱེད་པར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འཇིག་རྟེན་འཕུར་སྐྱོད་མཁའ་འགྲུལ་དང་དམངས་སྤྱོད་ཉིང་རྡུལ་ནུས་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་འདི་ལོའི་ཧྥ་རན་སེ་དང་ཀྲུང་གོའི་རིག་གནས་ཡུལ་སྐོར་ལོའི་བྱེད་སྒོ་ཐུན་མོང་ཐོག་ཡག་པོ་གཉེར་འདོད་ཡོད་ལ།ཀྲུང་གོ་ཕྱོགས་ཀྱིས་ཚོགས་པ་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་སུ་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།ཧྥ་རན་སེ་ཕྱོགས་ཀྱིས་གནམ་གཤིས་འགྱུར་ལྡོག་དང་།སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་།མིས་བཟོས་རིག་ནུས་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་དང་འབྲེལ་གཏུགས་མཉམ་ལས་དམ་ཟབ་བྱས་ནས་ཕྱོགས་མང་རིང་ལུགས་དང་།མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ།རྒྱལ་སྤྱིའི་བཅའ་ཁྲིམས་བཅས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཕྱོགས་གཉིས་པོས་ད་དུང་ཡུག་རེན་གྱི་ཉམས་ཉེན་དང་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་སོགས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད།ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་ནི་ཞི་བདེ་ཞིག་མིན།ཀྲུང་གོ་དང་ཧྥ་རན་སེ་གཉིས་ཀ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་ཡིན་པས་གླེང་མང་བའི་གནད་དོན་ཞི་བའི་ངང་ཐག་གཅོད་བྱ་ཆེད་སྐད་ཆ་ཤོད་པ་དང་།ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས་ཀྱི་འཛམ་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ནུས་ཤུགས་འདོན་དགོས།ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་གོ་སྐབས་སུ་བྱས་ནས་ལུས་རྩལ་འགྲན་ཚོགས་རིང་གོ་ལ་ཧྲིལ་པོར་དམག་མཚམས་འཇོག་རྒྱུའི་གྲོས་འགོ་འདོན་འདོད་ཡོད་ཅེས་གསུངས་པ་རེད།

ཕྱོགས་གཉིས་པོས་དབུས་ཤར་ས་ཁུལ་གྱི་དུས་བབ་དང་།མིས་བཟོས་རིག་ནུས་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་།སྐྱེ་དངོས་སྣ་མང་རང་བཞིན་དང་རྒྱ་མཚོ།ཞིང་ལས་སྤེལ་རེས་དང་མཉམ་ལས་བཅས་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་4སྤེལ་བ་དང་འབྱུང་འཕྲོད་འཕེལ་རྒྱས་དང་།མཁའ་འགྲུལ།ཞིང་ལས་བཟའ་བཅའ།ཚོང་དོན།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་20ལྷག་ཙམ་ལ་མིང་རྟགས་བཀོད་པ་རེད།

མཇལ་མོལ་གནང་རྗེས་ཞི་ཅིན་ཕིང་དང་མ་ཁེ་ལུང་གིས་ཐུན་མོང་ཐོག་གསར་འགོད་པ་དང་ཐུག་འཕྲད་གནང་བ་རེད།

ཉིན་དེའི་དགོང་མོར་མ་ཁེ་ལུང་དང་སྐུ་ཟླ་པུའུ་ལི་ཅི་ཐེས་ཨའེ་ལི་ཧྲེ་ཕོ་བྲང་དུ་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་ལ་དགའ་བསུ་ཞུ་བའི་གསོལ་སྟོན་གཟབ་རྒྱས་བཤམས་པ་རེད།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་བྱེད་སྒོར་ཞུགས་ཡོད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-08 6 6 拉萨日报藏文 c180599.html 1 ཞི་ཅིན་ཕིང་གིས་ཧྥ་རན་སེའི་སྲིད་འཛིན་མ་ཁེ་ལུང་དང་མཇལ་མོལ་གནང་བ། /enpproperty-->