ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་6ཉིན།གསར་འགོད་པར་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། གཟའ་འཁོར་གོང་མར་རང་གྲོང་དུ་ཆར་ཆུ་ཐེངས་མང་བབས་པ་དང་གཟའ་མཇུག་ལ་ཤང་དང་གྲོང་རྡལ་ཁག་གཅིག་གི་ཆར་ཆུ་འབབ་ཚད་ཅུང་ཆེ་བ་ཡོད། གཟའ་འཁོར་དེའི་ནང་ས་གནས་ཁག་གི་དྲོད་ཚད་འཕར་ཆག་ཅུང་ཆེ་བ་དང་སྙེ་མོ་དང་། མལ་གྲོ་གུང་དཀར་རྫོང་།འདམ་གཞུང་རྫོང་བཅས་སུ་རླུང་ཆེན་རིམ་པ་1ནས་4བར་བརྒྱབ་ཡོད། གཟའ་འཁོར་དེའི་ཆར་ཆུ་འབབ་ཚད་དེ་ལོ་རེའི་དུས་མཚུངས་དང་བསྡུར་ན་ལྷ་ས་དང་མོལ་གྲོ་གུང་དཀར་རྫོང་དུ་ཅུང་མང་བ་དང་དེ་བྱིངས་ཅུང་ཉུང་བ་ཡོད། གཟའ་འཁོར་དེར་ཆ་སྙོམས་དྲོད་ཚད་དེ་ལོ་རེའི་དུས་མཚུངས་དང་བསྡུར་ན་འདམ་གཞུང་རྫོང་དུ་རྒྱུན་གཏན་ཡིན་པ་དང་ས་གནས་ཁག་གཞན་དུ་ཅུང་དམའ་བ་ཡོད།
སྔོན་དཔག་བྱས་ན་གཟའ་འཁོར་འདིར་རང་གྲོང་དུ་ཆར་པ་དང(ཁ་བའི)གནམ་གཤིས་སྔར་བཞིན་ཅུང་མང་བ་བསྟན་རྒྱུ་ཡིན་ཞིང་། གཟའ་འཁོར་འདིའི་དུས་དཀྱིལ་དུ་ས་ཆ་ཁག་གཅིག་ལ་ཆར་ཆུ་འབབ་ཚད་ཅུང་ཆེ་བ་ཡོད། ཡར་ཀླུང་གཙང་པོའི་རྒྱུགས་ཁུལ་དུ་རླུང་བུ་རིམ་པ་4ཡས་མས་རྒྱག་རྒྱུ་དང་ས་བབ་མཐོ་བའི་ས་ཁུལ་དུ་རླུང་བུ་རིམ་པ་7ཡས་མས་རྒྱག་རྒྱུ་རེད། གནམ་གཤིས་ཀྱི་བརྒྱུད་རིམ་གཙོ་བོ་ནི་གཟའ་ཟླ་བ་ནས་གཟའ་མིག་དམར་བར་ཡིན་པ་སྟེ། གྲོང་ཁྱེར་གྱི་ས་ཆ་མང་ཆེ་བར་སྤྲིན་པ་མང་བའི་གནམ་གཤིས་གཙོ་བོ་བསྟན་རྒྱུ་ཡིན་པ་དང་། ས་ཆ་ཁ་ཤས་སུ་ཆར་ཆུ(ཁ་བ)འམ་ཡང་ན་གངས་མ་ཆར་འབབ་རྒྱུ་རེད། གཟའ་ལྷག་པ་ནས་གཟའ་པ་སངས་བར་ས་གནས་ཁག་ཏུ་གནམ་འཐིབས་ནས་ཆར་པ་ཆུང་བའམ་ཡང་ན་གངས་མ་ཆར་འབབ་རྒྱུ་དང་། ས་ཆ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ། གཟའ་སྤེན་པ་ནས་གཟའ་ཉི་མའི་བར། རྫོང(ཆུས)ཁག་ཏུ་སྤྲིན་པ་ཉུང་བ་དང་སྤྲིན་པ་མང་བའི་གནམ་གཤིས་གཙོ་བོ་ཡིན། གྲོང་ཁྱེར་གནམ་གཤིས་བརྟག་དཔྱད་ལས་ཁུངས་ཀྱིས་གཟའ་འཁོར་འདིར་ཆར་ཆུ་འབབ་མང་བས་ས་ཁུལ་ཁ་ཤས་ཀྱི་ཆུ་ལོག་དང་། འདམ་རྡོའི་ཆུ་རུད། རི་ཉིལ་བ་སོགས་ས་གཤིས་ཀྱི་གནོད་འཚེ་སྔོན་འགོག་བྱ་རྒྱུར་ཤུགས་སྣོན་གང་ཡོད་རྒྱག་དགོས་པའི་གྲོས་འགོ་བཏོན་པ་རེད། དུས་མཚུངས་སུ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་དོན་ཡག་པོ་བསྒྲུབ་དགོས། ཡར་ཀླུང་གཙང་པོ་རྒྱུགས་ཁུལ་དུ་གློག་འཁྱུག་འབྲུག་གྲགས་དང་རླུང་ཆེན་ལས་དུས་ཡུན་ཐུང་ངུའི་ནང་ཆར་ཆུ་དྲག་པོ་འབབ་པ་སོགས་གཏད་རྒྱུག་དྲག་པོའི་གནམ་གཤིས་ཐོན་སླ་བས་དོགས་ཟོན་བྱེད་དགོས།(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社