ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་105འཁོར་བར་དྲན་གསོ་ཞུ་བ་དང་། ལྔ་བཞིའི་སྙིང་སྟོབས་དར་སྤེལ་གཏོང་བ། གུང་གཞོན་ཚོགས་མིའི་འགན་འཁྲི་འཁུར་སེམས་སྔར་བས་འཕེལ་བ་བཅས་བྱ་ཆེད། ཉེ་ཆར།གུང་གཞོན་སྡེ་ཚོགས་སྟོད་ལུང་བདེ་ཆེན་ཆུས་ཨུ་ཡོན་ལྷན་ཁང་གིས་སྟོད་ལུང་བདེ་ཆེན་ཆུས་དམའ་རིམ་སློབ་འབྲིང་གཉིས་པར་ལང་ཚོའི་སེམས་པ་ཏང་ལ་ཕྱོགས།དུས་རབས་གསར་པར་བྱས་རྗེས་འཇོག་ཅེས་པའི་ལོ་ཆུང་གདོང་ལེན་རུ་མི་ནས་གུང་གཞོན་སྡེ་ཚོགས་ནང་ཞུགས་པའི་གཅིག་སྡུད་བྱེད་སྒོ་སྤེལ་ཡོད་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་རྒྱལ་གླུའི་སྒྲ་གྲགས་པ་དང་ཆབས་ཅིག་དགེ་སློབ་ཚང་མ་ཀྲོང་ངེར་ལངས་པ་དང་།ལོ་ཆུང་གདོང་ལེན་རུ་ཁག་གིས་གུས་འདུད་ཞུས་ཏེ་མཉམ་དུ་རྒྱལ་གླུ་བླངས་ཡོད། དེ་རྗེས་དར་ཆ་སྒྲེང་མཁན་གྱིས་དར་ཆ་མཐོན་པོར་བཏེགས་ནས་སྤོ་ལོའི་ཐང་ཆེན་དུ་བསྐྱོད་ཅིང་། ལོ་ཆུང་གདོང་ལེན་རུ་མི་ཚོས《ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་གི་གླུ་དབྱངས》སྐད་གསང་མཐོན་པོས་བླངས་ཡོད། ཁོང་ཚོས་རྒྱལ་དར་ལ་ཁ་ཕྱོགས་ནས་འབྱུང་འགྱུར་ལ་རེ་སྒུག་དང་ཡིད་སྨོན་གྱིས་ཁེངས་བཞིན་མཆིས། བྱེད་སྒོའི་ཁྲོད་སྟོད་ལུང་བདེ་ཆེན་ཆུས་སློབ་འབྲིང་དང་སྟོད་ལུང་བདེ་ཆེན་ཆུས་དམའ་རིམ་སློབ་འབྲིང་གཉིས་པའི་ལོ་བཅུ་བཞི་ལ་སླེབས་པའི་ལོ་ཆུང་གདོང་ལེན་རུ་མི་292གཟི་བརྗིད་ལྡན་པའི་ངང་གུང་གཞོན་སྡེ་ཚོགས་ནང་ཞུགས་པ་དང་། དེ་རྗེས་ཡུལ་དངོས་སུ་ཕེབས་པའི་འགོ་ཁྲིད་དང་གུང་གཞོན་སྡེ་ཚོགས་རྙིང་པའི་འཐུས་མིས་སྡེ་ཚོགས་གསར་པ་56ལ་སྡེ་ཚོགས་ཀྱི་རྟགས་མ་དང་སྡེ་ཚོགས་ཀྱི་ལག་ཁྱེར་སྤྲད་ཡོད། གུང་གཞོན་སྡེ་ཚོགས་གསར་པ་ཚོས་སྡེ་ཚོགས་ཀྱི་དར་ཆར་ཁ་ཕྱོགས་ནས་གཟི་བརྗིད་ལྡན་པའི་དམ་བཅའ་བཞག་སྟེ་ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་ནང་དངོས་སུ་ཞུགས་ཡོད། མཇུག་ཏུ་བྱེད་སྒོ་དེ་ཚོགས་ར་ཡོངས་ཀྱིས་ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་ཀྱི་གླུ་གཞས《གཟི་བརྗིད་ལྡན་པའི་ཀྲུང་གོའི་གུང་གཞོན་སྡེ་ཚོགས》ཞེས་པ་མཉམ་དུ་བླངས་པའི་ཁྲོད་དངོས་སུ་མཇུག་འགྲིལ་ཡོད་པ་རེད།
སྟོད་ལུང་བདེ་ཆེན་ཆུས་དམའ་རིམ་སློབ་འབྲིང་གཉིས་པའི་སློབ་མ་བཀྲ་ཤིས་ལྷ་མོས་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་གསར་པ་ཞིག་ཡིན་པའི་ངོས་ནས་སླད་ཕྱིན་གྱི་སློབ་སྦྱོང་དང་འཚོ་བའི་ཁྲོད་ངས་གུང་གཞོན་སྡེ་ཚོགས་ཀྱི་ཚད་གཞིར་བརྟེན་ནས་རང་ཉིད་ལ་བླང་བྱ་ནན་པོ་འདོན་རྒྱུ་དང་། སློབ་སྦྱོང་ལ་འབད་བརྩོན་བྱས་ནས་ཤེས་ལྡན་མི་སྣར་འགྱུར་བར་བྱེད་པ། གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱི་བྱེད་སྒོ་ཁག་ནང་ཞུགས་པ། སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོར་ཞུགས་པ་བཅས་བྱས་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།
ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་ལས་གུང་གཞོན་སྡེ་ཚོགས་ལ་གསོན་ཤུགས་གསར་པ་འཕེལ་བར་བྱས་ནས་གུང་གཞོན་སྡེ་ཚོགས་གསར་པ་རྣམས་ལ་སློབ་གསོ་གཏིང་ཟབ་ཅིག་བརྒྱབ་ཐུབ་པ་བྱུང་ཡོད། གུང་གཞོན་སྡེ་ཚོགས་སྟོད་ལུང་བདེ་ཆེན་ཆུས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཧྥུའུ་ཆིས་གུང་གཞོན་སྡེ་ཚོགས་གསར་པ་ཚོས་རྒྱང་རིང་གི་ཕུགས་འདུན་ལ་ཕྱོགས་ནས་འགན་འཁུར་ཕོད་པ་དང་འབད་འཐབ་ལྷོད་མེད་ཀྱི་སྙིང་སྟོབས་ལ་སྦྱོང་བརྡར་བྱས་ཏེ་ཕུགས་བསམ་དང་། འཇོན་ཐང་། འགན་འཁྲི་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་མཁན་དང་རྒྱུན་འཛིན་པ་ཞིག་ཏུ་འགྱུར་བར་བྱས་ཐོག་འབྱུང་འགྱུར་མེས་རྒྱལ་ལ་ལེགས་སྐྱེས་འབུལ་ཐུབ་པར་བྱེད་དགོས་ཞེས་བཤད་པ་རེད། (བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社