ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།2024ལོའི་ལས་རིགས་ཀྱིས་འབྱུང་འགྱུར་ལ་ཁྲིད་སྟོན་བྱེད་ཅེས་པའི་དཔྱིད་རླུང་བྱ་སྤྱོད་སྟེ་གྲོང་ཁྱེར་ཆེ་འབྲིང་གིས་མཉམ་འབྲེལ་ཐོག་སློབ་ཆེན་ཐོན་པའི་སློབ་མ་གདན་ཞུའི་དཔྱིད་དུས་ཀྱི་ཆེད་དོན་བྱེད་སྒོ་བོད་ལྗོངས་སློབ་ཆེན(རྔ་ཆེན་སློབ་ཁུལ)དུ་འཚོགས་པ་རེད། བྱེད་སྒོ་སྤེལ་བའི་ཉིན་དེར་རང་ལྗོངས་ཀྱི་ཁེ་ལས་དང་བྱ་གཞག་ཚན་པ་100ལྷག་ཙམ་གདན་ཞུའི་བྱེད་སྒོར་ཞུགས་ཡོད་ཅིང་།སློབ་གསོ་དང་། རིག་གནས་སྨྱན་སྦྱོར། འཛུགས་སྐྲུན། གློག་རྡུལ། ཆ་འཕྲིན། དངུལ་རྩ། འཕྲོད་བསྟེན་སོགས་ལས་རིགས་མང་པོའི་ཁྱབ་ཁོངས་ཚུད་ཡོད་པ་དང་། ལས་གནས་ཁག་1582མཁོ་འདོན་བྱས་ཡོད་པས་བོད་ལྗོངས་སློབ་ཆེན་སློབ་ཁུལ་ཁག་གི་2024ལོའི་སློབ་ཆེན་ཐོན་པའི་སློབ་མ་རྣམས་ཧུར་ཐག་ཞུགས་ནས་ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་པོར་གྱུར་ཡོད་པ་རེད།
གདན་ཞུའི་བྱེད་སྒོ་སྤེལ་ཡུལ་དུ་སློབ་ཆེན་ཐོན་པའི་སློབ་མ་ཚོས་གྲ་སྒྲིག་ཞིབ་ཚགས་བྱས་པའི་ལོ་རྒྱུས་མདོར་བསྡུས་འཁྱེར་ནས་འདུ་ཚོགས་ས་གནས་ཁག་དབར་ཕར་འགྲོ་ཚུར་འོང་བྱས་ཏེ་མི་སྤྱོད་ཚན་པའི་འཐུས་མི་དང་སྤེལ་རེས་ཧུར་ཐག་བྱས་ཡོད། དེ་དང་ཆབས་ཅིག་ཚན་པ་མང་པོ་ཞིག་ལའང་ལོ་རྒྱུས་མདོར་བསྡུས་འབོར་ཆེན་འབྱོར་ཡོད་པར་མ་ཟད། སློབ་ཆེན་ཐོན་པའི་སློབ་མ་དང་སྤེལ་རེས་དང་གྲོས་བསྡུར་གཏིང་ཟབ་ཀྱང་བྱས་ཡོད་པ་རེད། སློབ་ཆེན་ཐོན་པའི་སློབ་མ་ངག་དབང་གཡུ་སྒྲོན་གྱིས་ངས་རང་ཉིད་ཀྱི་འདོད་བློ་དང་མཐུན་པའི་ལས་གནས་ལ་དམིགས་ནས་ལོ་རྒྱུས་མདོར་བསྡུས་བསྐྱལ་བ་ཡིན།མ་འོངས་པར་ལྷ་སར་ལས་ཀ་ཞིག་རག་ན་བསམ་བྱུང་། སློབ་གྲྭས་གདན་ཞུའི་བྱེད་སྒོ་དེ་འདྲ་མང་ཙམ་སྤེལ་ནས་ང་ཚོར་སྤུས་ལེགས་ཀྱི་ལས་ཞུགས་སྟེགས་བུ་དེ་བས་མང་བ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་བཤད།
བོད་ལྗོངས་སློབ་ཆེན་ལས་ཞུགས་མཛུབ་ཁྲིད་ལྟེ་གནས་ཀྱི་ཀྲུའུ་རེན་ཆའོ་ཀྲེན་གྱིས་ད་ཐེངས་ཀྱི་སློབ་གྲྭའི་གདན་ཞུའི་བྱེད་སྒོ་དེ་ངེད་སློབ་གྲྭ་དང་ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་མཉམ་འབྲེལ་ཐོག་གཉེར་བ་ཡིན་ཞིང་། གདན་ཞུའི་བྱེད་སྒོའི་ཐོག་མི་སྤྱོད་ཚན་པ་101གིས་ལས་གནས་1582མཁོ་འདོན་བྱས་ཡོད། ད་ཐེངས་ཀྱི་གདན་ཞུའི་བྱེད་སྒོའི་ཐོག་དགེ་རྒན་གྱི་ལས་གནས་དང་སྒྱུ་རྩལ་རིགས་ཀྱི་ལས་གནས་ཅུང་མང་བ་ཡོད་པས། བོད་ལྗོངས་སློབ་ཆེན་གྱི་དགེ་འོས་ཆེད་ཚན་རིགས་ཀྱི་སློབ་ཆེན་ཐོན་པའི་སློབ་མ་དང་སྒྱུ་རྩལ་རིགས་ཀྱི་སློབ་ཆེན་ཐོན་པའི་སློབ་མས་ཧུར་ཐག་ཞུགས་ཡོད། ང་ཚོས་ད་དུང་གདན་ཞུའི་བྱེད་སྒོ་ཆེ་གྲས་གཉིས་འཚོགས་ནས་བོད་ལྗོངས་སློབ་ཆེན་གྱི་སློབ་ཆེན་ཐོན་པའི་སློབ་མར་རིམ་པ་དེ་བས་མཐོ་བའི་ལས་ཞུགས་སྟེགས་བུ་བསྐྲུན་རྒྱུ་དང་།སློབ་མ་ཚང་མར་ལས་རིགས་ཀྱི་དམིགས་ཚད་དེ་བས་མཐོ་བ་མངོན་འགྱུར་ཡོང་བར་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社