ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། “ལྔ་གཅིག”གུང་གསེང་རིང་། ཚང་མ་གཅིག་རྗེས་གཉིས་མཐུད་ངང་ཁྱིམ་ནས་ཐོན་ཏེ་ས་གནས་ཁག་ཏུ་ཡུལ་སྐོར་ལ་བསྐྱོད་ཅིང་། ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་གནས་པའི་གངས་ལྗོངས་སྐར་མའི་གོ་ལའི་གནམ་རིག་ཚན་རིག་ཁྱབ་གདལ་ཉམས་ལེན་ཁང་དེའང་གྲོང་མི་དང་ཡུལ་སྐོར་བས་ཡུལ་སྐོར་དུ་འགྲོ་ས་ཞིག་ཏུ་གྱུར་ཡོད།
གངས་ལྗོངས་སྐར་མའི་གོ་ལའི་གནམ་རིག་ཚན་རིག་ཁྱབ་གདལ་ཉམས་ལེན་ཁང་དུ་གསར་འགོད་པས་མི་མི་ཉུང་བ་ཞིག་གིས་སྤ་སེ་ཉོ་བཞིན་ཡོད་པ་དང་ལྟ་སྐོར་བ་མང་ཆེ་བ་ཁྱིམ་ཚང་རྣམ་པའི་ཐོག་ནས་རྩེད་མོ་རྩེ་བཞིན་ཡོད་པ་མཐོང་བྱུང་། འགྲེལ་བཤད་པའི་སྣེ་ཁྲིད་འོག་ཚང་མས་ཐོག་བརྩེགས་དང་པོ་ནས་བཞི་པའི་བར་གོ་རིམ་ལྡན་པའི་སྒོ་ནས་ལྟ་སྐོར་བྱེད་ཀྱི་ཡོད་པ་རེད། ཐོག་ཁང་དང་པོར་བོད་ལྗོངས་ཀྱི་ས་གནས་ཁག་གིས་པར་ལེན་བྱས་པའི་སྐར་ཚོགས་ཀྱི་རི་མོའི་འགྲེམས་སྟོན་མཐོང་ཐུབ་པས་ལྟ་སྐོར་བས་གནའ་དེང་དང་ཀྲུང་གོའམ་ཕྱི་རྒྱལ་གྱི་གནམ་རིག་འཕེལ་རྒྱས་དང་བོད་ལྗོངས་ཀྱི་གནམ་རིག་ལོ་ཐོ་རྩི་སྟངས་ཤེས་རྟོགས་ཐུབ་པ་དང་། ཐོག་སོ་གཉིས་པའི་སྐར་ཁྱིམ་དང་། འཇིག་རྟེན་གྱི་ངོ་མཚར་ལྟ་བ། དགུ་ཚིགས་ཁྱིམ་རྒྱུད་སོགས་ཀྱིས་ལྟ་སྐོར་བས་འཇིག་རྟེན་ཁྱོན་ཡོངས་ནས་ངོས་འཛིན་བྱེད་ཐུབ། ཐོག་སོ་གསུམ་པར་གཙོ་བོ་ཚེ་སྲོག་གི་འབྱུང་ཁུངས་དང་གནམ་འཚོལ་དང་ཟླ་བ་འཚོལ་ཞིབ་ལས་གཞིའི་འཕེལ་རྒྱས་བརྒྱུད་རིམ་འགྲེམས་སྟོན་བྱེད་པ། ཐོག་སོ་བཞི་པར་ཉམས་ལེན་གཙོ་བོ་བྱེད་པ་དེའི་ནང་གནམ་རིག་རྒྱང་ཤེལ་དང་། ཟླུམ་ཡོལ་གློག་བརྙན་ཁང་། VRཉམས་ལེན་ཁང་། བར་སྣང་སློབ་ཁང་སོགས་ཚུད་ཡོད་པ་རེད།
གྲོང་མི་ཉི་སྒྲོན་གྱིས་ངའི་ཕྲུ་གུ་ཆུང་དུས་ནས་ཚན་རིག་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ད་ཐེངས“ལྔ་གཅིག”གུང་གསེང་ལ་བརྟེན་ནས་འདིར་ཁྲིད་དེ་ཉམས་ལེན་བྱེད་དུ་ཡོང་བ་ཡིན། ཕྲུ་གུའི་བསམ་གཞིགས་ཐད་ཡག་ཏུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། གངས་ལྗོངས་སྐར་མའི་གོ་ལའི་གནམ་རིག་ཚན་རིག་ཁྱབ་གདལ་ཉམས་ལེན་ཁང་ནི་རྒྱལ་ཁབ་ཀྱི་རིམ་པ་4Aཡི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཞིག་ཡིན་པ་དང་། འགྲེམས་སྟོན་ཁང་དེས་འཇིག་རྟེན་གྱི་ཤེས་ཚོར་དང་། འཇིག་རྟེན་གྱི་ཤེས་རྟོགས། འཇིག་རྟེན་གྱི་འཚོལ་ཞིབ་བཅས་གཙོ་དོན་དུ་བྱས་ནས་འགྲེམས་སྟོན་རྣམ་གྲངས་50ལྷག་ཙམ་གྱིས་མཉམ་འགུལ་བརྙན་གྲིབ་དང་། གཡེང་འཕྱོ་འཕྲོ་གྲིབ། དངོས་གཟུགས་རྗེས་འདེད། མིའི་ལུས་ཕུང་འཛིན་པ། གཟུགས་ཚོར་མཉམ་འགུལ། VRསོགས་ཚན་རྩལ་མཐོ་བའི་བྱ་ཐབས་སྤྱད་དེ་ལྐོག་གྱུར་གྱི་སྐར་མའི་མཁའ་དབྱིངས་འགྲེམས་སྟོན་བྱས་ནས་འཇིག་རྟེན་གྱི་གསང་བ་གསལ་སྟོན་བྱས་ཡོད། གངས་ལྗོངས་སྐར་མའི་གོ་ལའི་གནམ་རིག་ཚན་རིག་ཁྱབ་གདལ་ཉམས་ལེན་ཁང་གིས་ལྟ་སྐོར་བའི་ཚོར་དབང་དང་པོའི་ཉམས་ལེན་དེ་ཇུས་འགོད་དང་བཟོ་སྐྲུན་གྱི་ཕྱོགས་སྟོན་དུ་བརྩིས་ནས་ལྟ་སྐོར་བས་ས་ཁོངས་གང་རུང་དུ་རོལ་རྩེད་མཉམ་འགུལ་གྱི་རྣམ་པའི་ཐོག་ནས་དེང་རབས་ཚན་རིག་ལག་རྩལ་ཉམས་ལེན་བྱས་ཏེ་ཡུལ་སྐོར་བར་གནམ་རིག་དང་འབྲེལ་འདྲིས་བྱེད་དུ་འཇུག་གི་ཡོད་པ་རེད།
ཡུལ་སྐོར་བ་ཡན་ཤིན་ཐུང་གིས“ལྔ་གཅིག”གུང་གསེང་རིང་། ང་དང་ཕ་མ་གཉིས་གངས་ལྗོངས་སྐར་མའི་གོ་ལའི་གནམ་རིག་ཚན་རིག་ཁྱབ་གདལ་ཉམས་ལེན་ཁང་དུ་ཡོང་ནས་གནམ་རིག་ཐད་ཀྱི་མི་སྣ་གྲགས་ཅན་མང་པོ་དང་གནམ་རིག་ཐད་ཀྱི་ཤེས་བྱ་སྣ་ཚོགས་ཤེས་བྱུང་བས་འཇིག་རྟེན་གྱི་ངོ་མཚར་མྱོང་ཚོར་ཐུབ་བྱུང་ཞེས་བཤད།(པ་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社