(པར་ངོས་དང་པོར་མཐུད)ཧྥ་རན་སེ་ཕྱོགས་ཀྱིས་ཀྱང་ཁོང་ཚོར་གཞུང་དྲང་དྲང་བདེན་གྱི་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས་ད་ལོ་ནི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་ཁྱབ་བསྒྲགས་བྱས་ནས་ལོ་ངོ་70འཁོར་བའི་ལོ་ཞིག་རེད། ལོ་ངོ་70ཡི་རིང་། ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་འཛམ་གླིང་རྒྱལ་ཁབ་ཁག་གིས་ཡོངས་ཁྱབ་ཏུ་དང་ལེན་དང་ཁས་ལེན་བྱས་ཤིང་། དེང་རབས་རྒྱལ་སྤྱིའི་འབྲེལ་བའི་ཚད་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཀྲུང་གོ་ནི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་མཁན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། ང་རང་ནས་སྔ་རྗེས་སུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་བཏོན་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་རྒྱུ་དང་མིའི་རིགས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་རྒྱུའི་ཆེད་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་ཕུལ་ཡོད་ཅིང་། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་100ལྷག་ཙམ་གྱི་རྒྱབ་སྐྱོར་ཐོབ་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས་ཡུག་རེན་གྱི་ཉམས་ཉེན་གྱིས་ཡོ་རོབ་མི་དམངས་ལ་ཕོག་ཐུག་བཟོས་པར་ཀྲུང་གོ་ཕྱོགས་ཀྱིས་བསམ་ཤེས་ཐུབ་ཀྱི་འདུག ཀྲུང་གོ་ནི་ཡུག་རེན་གྱི་ཉམས་ཉེན་བཟོ་མཁན་མིན་ལ་དོ་བདག་དང་ཐེ་ཞུགས་བྱེད་མཁན་ཡང་མིན། འོན་ཀྱང་ང་ཚོས་ཐོག་མཐའ་བར་གསུམ་དུ་ཉམས་ཉེན་ཞི་བས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད། ཡུག་རེན་གྱི་ཉམས་ཉེན་རྒྱུན་ཇི་ཙམ་མཐུད་ན་ཡོ་རོབ་དང་འཛམ་གླིང་ལ་གནོད་འཚེ་དེ་ཙམ་གྱིས་ཆེ་བ་ཡོང་གི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་སྐམ་ས་ཆེན་མོར་སྔ་ཙམ་ཞི་བདེ་བརྟན་ལྷིང་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ལ་ཧྥ་རན་སེ་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཉམས་ཉེན་ཐག་གཅོད་བྱེད་པའི་ལུགས་མཐུན་གྱི་ཐབས་ལམ་འཚོལ་འདོད་ཡོད། ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་གིས་ཀྱང་མི་སེམས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་འགྲོ་ལམ་ནི་རང་བཙན་གྱི་ཕ་ལེ་སི་ཐན་རྒྱལ་ཁབ་འཛུགས་རྒྱུ་དེ་རེད། ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་པོར་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐད་ཐུན་མོང་གི་ངོས་འཛིན་མང་པོ་ཡོད་པས། མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དབུས་ཤར་ས་ཁུལ་གྱི་ཞི་བདེ་སླར་གསོ་བྱ་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧྥ་རན་སེ་གཉིས་ཀ་རང་བཙན་རང་བདག་གི་སྙིང་སྟོབས་ལྡན་པའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ངོས་ནས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ཁྲོད་འཕྲད་ཐེངས་རེར་ནུས་ཤུགས་ཧ་ཅང་ཆེན་པོ་འདོན་སྤེལ་ཐུབ་ནས་འཛམ་གླིང་གི་མདུན་སྐྱོད་ཁ་ཕྱོགས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། ལོ་རྒྱུས་ཀྱི་འབྲེལ་མཚམས་གསར་པའི་ཐོག ང་ཚོས་ལག་གདང་སྦྲེལ་ནས་སླར་ཡང་ལམ་ལ་བུད་དེ། ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བར་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་ནན་སྟོན་གནང་ཡོད།
(པ་ཚེ་དང་། དཔལ་སྐྱབས་རྒྱལ།ཕུར་སྒྲོན། བྱམས་པ་ཚེ་རིང་བཅས་ཀྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社