ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ད་ལོའི་ལྔ་བཞིའི་གཞོན་ནུའི་དུས་ཆེན་གྱི་སྐབས་སུ་རིམ་ཁག་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས“ལང་ཚོར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགན་འཁྲི་འཁུར་ཕོད་པ”ཞེས་པའི་ལྔ་བཞིའི་གཙོ་དོན་སྡེ་ཚོགས་ཉིན་མོའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཡོད་ཅིང་། ནང་དོན་ཕུན་སུམ་ཚོགས་པ་དང་། རྣམ་པ་སྣ་ཚོགས་པ། གཞོན་ནུ་དང་ཉེ་བར་བཅར་བ་བཅས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། རྒྱ་ཆེའི་གུང་གཞོན་ཚོགས་མི་དང་གཞོན་ནུ་ཚོར་འབད་འཐབ་ཀྱི་རྨང་གཞི་གཏིང་ཟབ་ཏུ་གཏོང་བ་དང་ལང་ཚོའི་གཟི་དཔལ་ངོམས་རྒྱུར་ཁྲིད་སྟོན་བྱས་ཡོད།
རིམ་ཁག་གུང་གཞོན་སྡེ་ཚོགས་ཀྱིས་སྟབས་བསྟུན་ངང་རྣམ་པ་སྣ་ཚོགས་སྤྱད་དེ་སྒྲོག་འགྲེལ་བྱས་ནས་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་དང་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་སྡུད་བྱས་ཡོད།གུང་གཞོན་སྡེ་ཚོགས་པེ་ཅིང་གྲོང་ཨུད་ཀྱིས་རྒྱལ་སའི་གཞོན་ནུར་རིགས་པའི་གཞུང་ལུགས་ཀྱི་གླེང་མང་བའི་གནད་དོན་ངོ་ཐུག་གདོང་འཕྲད་ངང་སྒྲོག་འགྲེལ་བྱེད་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། གཞོན་ནུ་ཚོས་དོ་ཁུར་བྱེད་པ་དང་གླེང་མང་བའི་གནད་དོན་ལ་དམིགས་ཏེ། སྒྲོག་འགྲེལ་སློབ་ཚན་རབ་དང་རིམ་པ་ཆགས་པར་བྱས་ཡོད། གུང་གཞོན་སྡེ་ཚོགས་ཧྲང་ཧའེ་གྲོང་ཨུད་ཀྱིས“ཧྲང་ཧའེ་གཞོན་ནུའི་སྲིད་ཇུས་དྲ་ཐོག་ལས་སྟེགས”ཞེས་པ་དྲ་ཐོག་ཏུ་སྤྱད་པ་དང“རྒྱལ་ཁབ་སྟོབས་ལྡན་གྱི་གཞོན་ནུའི་གཏམ་བཤད”ཅེས་པའི་རྣམ་གྲངས་སྤེལ་འགོ་ཚུགས་ནས་ལང་ཚོའི་གཏམ་རྒྱུད་གླེང་བ་དང་། ལང་ཚོའི་ཉམས་འགྱུར་མངོན་པ། གཞོན་ནུའི་གནད་དོན་ལ་ལན་འདེབས་པ་བཅས་བྱས་ཡོད་པ་རེད།
རིམ་ཁག་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས་གཙོ་དོན་སྡེ་ཚོགས་ཀྱི་ཉིན་མོ་དང་། མཛད་སྒོའི་སློབ་གསོ། རིག་གནས་སྤེལ་རེས་སོགས་ཀྱི་རྣམ་པའི་ཐོག་ནས་གཙོ་དོན་བྱེད་སྒོ་སྤེལ་ཏེ། གུང་གཞོན་སྡེ་ཚོགས་ཀྱི་ཁོངས་མི་དང་གཞོན་ནུ་རྒྱ་ཁྱབ་ངང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། གུང་གཞོན་སྡེ་ཚོགས་ཧེ་ལུང་ཅང་ཞིང་ཆེན་ཏང་ཨུད་ཀྱིས་2024ལོའི་ཀྲུང་ཨུའི་གཞོན་ནུ་ལོ་ཆུང་གི་རིག་གནས་སྒྱུ་རྩལ་སྤེལ་རེས་དུས་ཆེན་གཉེར་བ་དང་། རིག་གནས་ཞིབ་འཇུག་དང་སློབ་སྦྱོང་སྒྲིག་འཛུགས་བྱས་ནས་ཀྲུང་ཨུའི་རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ལོ་ཆུང་500ལྷག་ཙམ་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། ཧུའུ་ནན་དང་། ཧུའུ་པེ། ཁྲུང་ཆིང་། ཀུའེ་ཀྲོའུ་བཅས་ཀྱི་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གཙོ་དོན་སྡེ་ཚོགས་ཉིན་མོའི་བྱེད་སྒོ་གཉེར་ནས་གསར་བརྗེའི་རིག་གནས་ཞིབ་འཇུག་དང་སློབ་སྦྱོང་བྱེད་པའི་ཡུལ་སྐོར་བྱ་ཡུལ་གྱི་མ་ལག་བསྐྲུན་ཡོད། གུང་གཞོན་སྡེ་ཚོགས་ཧའེ་ནན་ཞིང་ཨུད་ཀྱིས་གྲོང་ཁྱེར་དང་། རྫོང་། མཐོ་སློབ་ཀྱི་གུང་གཞོན་སྡེ་ཚོགས་རྩ་འཛུགས་བཅས་དང་མཉམ་འབྲེལ་བྱས་ཏེ། གཙོ་དོན་དཔེ་ཀློག་དུས་ཚིགས་ཀྱི་བྱེད་སྒོ་སྤེལ་ནས་གསུང་རབ་ཀློག་པ་དང་། དཔེ་དེབ་ཞལ་འདེབས་སུ་ཕུལ་བ། མྱོང་ཚོར་མཉམ་སྤྱོད་བྱེད་པ་སོགས་བརྒྱུད་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་དང་གཞོན་ནུ་ཚོས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་གོ་བ་གཏིང་ཟབ་ལོན་རྒྱུར་ཁྲིད་སྟོན་བྱས་ཡོད། གུང་གཞོན་སྡེ་ཚོགས་ཅ་ཤིན་གྲོང་ཁྱེར་ནན་ཧུའུ་ཆུས་ཨུད་ཀྱིས་གཞོན་ནུ་54དང་ལོ་ཆུང་བྱིས་པ་54སྒྲིག་འཛུགས་བྱས་ནས་བྱེད་སྒོ་སྤེལ་ཏེ་ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ཡོད།
རིམ་ཁག་གུང་གཞོན་སྡེ་ཚོགས་ཀྱིས་ལས་གཏོད་དང་ལས་ཞུགས་ཀྱི་བྱེད་སྒོ་སྤེལ་བ་དང་། བཞུགས་མོལ་སྤེལ་རེས་སྒྲིག་འཛུགས་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད། གཞོན་ནུར་འཚར་ལོངས་ཀྱི་སྟེགས་བུ་གལ་ཆེན་བསྐྲུན་ཡོད། གུང་གཞོན་སྡེ་ཚོགས་ཐེན་ཅིན་གྲོང་ཨུད་ཀྱིས་2024ལོའི་ཐེན་ཅིན་གྲོང་ཁྱེར་གྱི་གཞོན་ནུའི་དམངས་དོན་ཁག་བཅུའི་ཁྱབ་བསྒྲགས་མཛད་སྒོ་འཚོགས་ནས་བསམ་བློའི་སྣེ་ཁྲིད་དང་། བདེ་སྡོད་སྡོད་ཁང་། ཁེ་དབང་སྲུང་སྐྱོང་སོགས་ཐད་གཞོན་ནུའི་ཚོགས་སྤྱིར་དངོས་སྒྲུབ་ཞབས་ཞུའི་བྱ་ཐབས་ཁག་གཅིག་གསར་དུ་བསྣན་ཡོད། གུང་གཞོན་སྡེ་ཚོགས་ཅི་ལིན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་མཐོ་སློབ་སློབ་མའི“གཞོན་ནུ་ལག་ལེན་པའི་འཆར་གཞིའི”ཞིང་ཆེན་རིམ་པའི་དཔེ་སྟོན་རྣམ་གྲངས་གཉེར་ནས་རྒྱལ་ཡོངས་ཀྱི་མཐོ་སློབ་25ཡི་འབུམ་རམས་ཞིབ་འཇུག་སློབ་མ་108དང་ཤེས་རམས་ཞིབ་འཇུག་སློབ་མ་101སྒྲིག་འཛུགས་བྱས་ཏེ། ཅི་ལིན་ཞིང་ཆེན་གྱི་རྫོང་(གྲོང་ཁྱེར་དང་ཆུས)60རུ་གུང་གཞོན་སྡེ་ཚོགས་འཛུགས་སྐྱོང་མཛུབ་ཁྲིད་པའི་འགན་ཁུར་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུར་རོགས་རམ་བྱས་ཡོད། གཞོན་ནུ་སྡེ་ཚོགས་མཚོ་སྔོན་ཞིང་ཨུད་ཀྱིས་སློབ་གྲྭ་ཐོན་ནས་ལས་ཞུགས་མ་ཐུབ་པའི་གཞོན་ནུར་ཞབས་འདེགས་ཞུ་བའི“གཤོག་རྩལ་ངོམས་པའི་འཆར་གཞིའི”ལོ་གསུམ་བྱ་སྤྱོད་སྤེལ་འགོ་ཚུགས་པའི་མཛད་སྒོ་དང་ལྔ་བཞིའི་ཆེད་དོན་གདན་ཞུའི་ཚོགས་འདུ་འཚོགས་ནས་མཐོ་སློབ་ཀྱི་གཞོན་ནུ་དང་།གྲོང་ཁྱེར་དུ་ལས་ཀ་བྱེད་བཞིན་པའི་གཞོན་ནུ། དམག་ཁོངས་ནས་ཕྱིར་འཐེན་བྱས་པའི་དམག་མི། དེ་བཞིན་དམག་ཞབས་ཐིམ་པ་སོགས་ལ་ལས་ཞུགས་ཞབས་ཞུ་བསྒྲུབས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན།གུང་གཞོན་སྡེ་ཚོགས་ཀྲུང་དབྱང་སྨྱན་སྦྱོར་གསར་པའི་སྟེགས་བུས་ཚེས་4ཉིན་དྲ་ཐོག་ཐད་གཏོང་གི་རྣམ་པའི་ཐོག་ནས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ལང་ཚོས་འགན་འཁྲི་ཧུར་ཐག་སྒྲུབ”ཅེས་པའི་ལྔ་བཞིའི་དམིགས་བསལ་ལེ་ཚན་བཏོན་པ་དང་། “ཕུགས་བསམ་ཡོད་པ་དང་། འགན་འཁྲི་འཁུར་ཕོད་པ།དཀའ་སྡུག་མྱོང་ཐུབ་པ།འབད་འཐབ་བྱེད་ཕོད་པ”བཅས་གཙོ་གནད་དུ་བྱས་ནས་ཆེད་ལས་མཁས་པས་གཏམ་བཤད་སྤེལ་བ་དང་། དཔེ་མཚོན་མཉམ་སྤྱོད། ཡུལ་དངོས་ཀྱི་འཚམས་འདྲི། གསར་གཏོད་བརྙན་ཐུང་། རིག་རྩལ་བརྩམས་ཆོས་སོགས་ཀྱི་རྣམ་པའི་ཐོག་ནས་སྡེ་ཚོགས་ཡོངས་མཉམ་འགུལ་གྱི་དྲ་ཐོག་སློབ་ཚན་ཞིག་བཏོད་ཡོད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社