ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་3ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་5ཚེས་2ཉིན། རྒྱལ་ཡོངས་ཀྱི་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་ཁྲི་1759.2སྐྱེལ་འདྲེན་བྱས་ཤིང་། ལྕགས་ལམ་གྱི་སྐྱེལ་འདྲེན་བདེ་འཇགས་དང་གོ་རིམ་ལྡན་པ་ཞིག་ཡོད། ཟླ་5ཚེས་3ཉིན། རྒྱལ་ཡོངས་ཀྱི་ལྕགས་ལམ་འགྲུལ་སྐྱེལ་གྱི་འཁོར་རྒྱུག་གི་མཐོ་ཚད་མུ་མཐུད་རྒྱུན་འཁྱོངས་ཐུབ་ནས་ཚོད་རྩིས་ལྟར་ན་འགྲུལ་པ་མི་ཐེངས་ཁྲི་1615སྐྱེལ་འདྲེན་ཐུབ་པ་མ་ཟད། མེ་འཁོར་797མང་དུ་བཏང་ཡོད་པ་རེད།
“ལྔ་གཅིག”ངལ་གསོའི་གུང་གསེང་རིང་། འགྲུལ་པ་འགྲོ་འོང་བྱེད་ཚད་ཧ་ཅང་མང་བ་དང་། ལྕགས་ལམ་ཐོག་ལམ་ཐུང་འབྲིང་དུ་སྐྱོད་མཁན་གྱི་འགྲུལ་པ་མང་དུ་ཕྱིན་ཡོད། ཟླ་5ཚེས་3ཉིན་གྱི་ཆུ་ཚོད་8བར་གྱི་ལྕགས་ལམ་12306གི་གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ་5ཚེས་3ཉིན། པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ། ཁྲེང་ཏུའུ། ཧང་ཀྲོའུ། ཝུའུ་ཧན། ཧྲེན་ཀྲེན། ཤིས་ཨན། ནན་ཅིང་། ཀྲེང་ཀྲོའུ་སོགས་ཡུལ་སྐོར་གྲོང་ཁྱེར་དང་པེ་ཅིང་ནས་ཧྲང་ཧའེ་དང་། ཤིས་ཨན་ནས་ཁྲེང་ཏུའུ། ཀོང་ཀྲོའུ་ནས་ནན་ཉིང་། པེ་ཅིང་ནས་ཧུའུ་ཧོ་ཧའོ་ཐེ། པེ་ཅིང་ནས་ཧྲེན་དབྱང་། ཁྲང་ཧྲ་ནས་ཝུའུ་ཧན་སོགས་ཀྱི་བར་ལྟོས་བཅས་ཀྱིས་ཡུལ་སྐོར་བ་མང་པོ་ཡོད།
ས་གནས་ཁག་གི་ལྕགས་ལམ་སྡེ་ཚན་གྱིས་རྐུབ་བཀྱག་མེད་པར་མེ་འཁོར་ལ་སྡོད་པའི་ཞབས་ཞུའི་ཐད་ཤུགས་སྣོན་བརྒྱབ་སྟེ་འགྲུལ་པ་འགྲོ་སྐྱོད་ལ་འགན་ལེན་བྱས་པ་རེད། རྒྱལ་ཁབ་ལྕགས་ལམ་ཤིས་ཨན་ཅུས་ཚོགས་པ་ཀུང་སིའི་པོ་ཅི་འབབ་ཚུགས་དང་པོ་ཅི་འབབ་ཚུགས་ཤར་མར་འགྲུལ་པ་མང་བའི་དུས་སུ་མེ་འཁོར་སྔ་ཙམ་འཁོར་ལམ་དུ་ཐོན་དུ་འཇུག་པ་དང་། མེ་འཁོར་གྱི་ལས་དོན་མི་སྣ་སྔ་ཙམ་མེ་འཁོར་དུ་འཛེགས་པ། སྤ་སེ་ཞིབ་བཤེར་ཁུལ་གྱིས་སྤ་སེར་སྔ་ཙམ་ཞིབ་བཤེར་བྱེད་པ་སོགས་བྱས་ཏེ་ཡུལ་སྐོར་བ་སྔ་ཙམ་མེ་འཁོར་དུ་འཛེགས་པར་བྱས་ནས་འགྲུལ་པར་སྟབས་བདེ་བསྐྲུན་ཡོད། རྒྱལ་ཁབ་ལྕགས་ལམ་ཁྲེང་ཏུའུ་ཅུས་ཚོགས་པ་ཀུང་སིས་ལྷོ་རྒྱུད་གློག་དྲ་ཀུའེ་ཀྲོའུ་ཐུང་རེན་ཝན་ཧྲན་གློག་འདོན་ཅུས་དང་མཉམ་འབྲེལ་དམ་ཟབ་བྱས་ཏེ་ཐུང་ཡུས་ལྕགས་ལམ་དང་ཀྲུའུ་ཧྲ་གནའ་གྲོང་ལྕགས་ལམ་འབབ་ཚུགས་སུ་བདེ་འཇགས་ཞིབ་བཤེར་བྱས་ཏེ་གློག་སྤྱོད་བདེ་འཇགས་ཐད་སེམས་ཁྲལ་མེད་པའི་འགན་ལེན་བྱས་པ་དང་། རྒྱལ་ཁབ་ལྕགས་ལམ་ཝུའུ་ཧན་ཅུས་ཚོགས་པ་ཀུང་སིས་ཝུའུ་ཧན་སྤྱི་སྤྱོད་རླངས་འཁོར་ཚོགས་པ་སོགས་ས་གནས་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་དང་འབྲེལ་བ་དམ་ཟབ་བྱས་ནས་མེ་འཁོར་འབྱོར་ཟིན་པའི་ཆ་འཕྲིན་མཉམ་སྤྱོད་དང་སྤྱི་སྤྱོད་རླངས་འཁོར་དང་བདལ་གཏོང་རླངས་འཁོར་གྱི་སྐྱེལ་འདྲེན་ནུས་པ་ཆེ་རུ་བཏང་ནས་འགྲུལ་པ་སྦྲེལ་མཐུད་བྱེད་བདེ་པོ་ཡོང་བར་བྱས་པ། རྒྱལ་ཁབ་ལྕགས་ལམ་ནན་ཉིང་ཅུས་ཚོགས་པ་ཀུང་སིའི་ཡུལ་ལིན་རླངས་འཁོར་ལས་དོན་དུམ་བུས《ཡ་རབས་ངང་འགྲོ་སྐྱོད་བྱ་རྒྱུ་དེ་ཁྱེད་དང་ང་ནས་འགོ་འཛུགས་དགོས》ཞེས་པའི་དྲིལ་བསྒྲགས་ཤོག་བྱང་བཟོས་ནས་འགྲུལ་པ་རྣམས་ལ་ཐུན་མོང་ཐོག་འགྲོ་སྐྱོད་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུར་ཁྲིད་སྟོན་བྱས་པ་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社