ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན་གསར་འགོད་པས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་གིས་ཛ་དྲག་བརྡ་ཐོ་དཔར་འགྲེམས་བྱས་ནས་ས་ཁུལ་ཁག་དང་། འབྲེལ་ཡོད་སྡེ་ཚན་ཁག ཀྲུང་དབྱང་ཁེ་ལས་བཅས་ཀྱིས་མེ་ཏ་མྱུར་བགྲོད་གཞུང་ལམ་གྱི་རི་ཉིལ་བའི་གནས་ཚུལ་བྱུང་བ་ལས་མིག་སྔའི་བདེ་འཇགས་དོགས་ཟོན་གྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་།དེ་དང་འདྲ་བའི་ལས་འཛོལ་གནོད་འཚེ་ཐོན་རྒྱུར་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས་པའི་བཀོད་སྒྲིག་བྱས་པ་རེད།
བརྡ་ཐོའི་ནང་བསྟན་དོན།མིག་སྔར་འཕྲད་པའི་ལས་འཛོལ་གནོད་འཚེའི་འགྲན་སློང་དེ་བས་ཛ་དྲག་དང་རྙོག་འཛིང་ཆེ་བ་ཡིན་པ་ཤེས་རྟོགས་གསལ་པོར་བྱས་ཏེ།མིག་སྔའི་བདེ་འཇགས་སྔོན་འགོག་ལས་དོན་ཡག་པོ་བསྒྲུབ་རྒྱུའི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས།ཁ་ཚ་དགོས་གཏུག་གི་བསམ་པ་བཅས་སྔར་བས་ཆེ་རུ་གཏོང་དགོས་པ་དང་།མེ་ཏ་མྱུར་བགྲོད་གཞུང་ལམ་རྡིབ་པའི་གནས་ཚུལ་བྱུང་བ་ལས་ཉེན་ཁའི་འདུ་ཤེས་དང་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མཐར་ཟད་ཀྱི་བསམ་གཞིགས་དང་མཚམས་ཚད་ཀྱི་བསམ་གཞིགས་ཟབ་ཏུ་གཏོང་བ། མིག་སྔའི་བདེ་འཇགས་དོགས་ཟོན་ལས་དོན་གྱི་ཞན་པའི་ལྷུ་ཚིགས་དང་མི་འདང་བའི་ཆ་འཚོལ་ཞིབ་གཏིང་ཟབ་བྱས་ཏེ་བྱ་ཐབས་ནུས་ལྡན་སྤྱད་ནས་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་མཐའ་གཅིག་ཏུ་མེད་པར་བཟོ་བ་དང་བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་མི་ཐོན་པར་དོ་དམ་དང་ཚོད་འཛིན་ནུས་ལྡན་བྱེད་དགོས།
བརྡ་ཐོའི་ནང་བླང་བྱ་བཏོན་དོན། འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་བདེ་འཇགས་དོགས་ཟོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ།ཆུ་རྒྱས་པའི་དུས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་བདེ་འཇགས་ཉེན་ཁར་དབྱེ་ཞིབ་དང་ཞིབ་དཔྱད་གཏིང་ཟབ་བྱེད་དགོས་པ་དང་།མྱུར་བགྲོད་གཞུང་ལམ་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ། ལྕགས་ལམ་གྱི་ལམ་རྒྱུད། གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་སོགས་ཀྱི་གཙོ་གནད་ལ་དམིགས་ཏེ་སྐོར་ཞིབ་ཚད་ལེན་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་བརྟག་དཔྱད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། བདེ་འཇགས་ལ་འགན་ལེན་བྱེད་མི་ཐུབ་པ་རྣམས་བཀག་སྡོམ་བྱེད་པ་སོགས་ཀྱི་བྱ་ཐབས་མཐའ་གཅིག་ཏུ་སྤྱོད་དགོས་པ། ཡུལ་སྐོར་དང་རོལ་རྩེད་སྒྲིག་ཆས་ཆེ་གྲས་ཀྱི་བདེ་འཇགས་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ།ཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཡུལ་སྐོར་བར་བདེ་འཇགས་ཀྱི་ཉེན་བརྡའི་སློབ་གསོ་རྒྱག་པར་ཤུགས་སྣོན་བརྒྱབ་དགོས་པ།མཛེས་ལྗོངས་ཁུལ་མིན་པ་དང་།ལག་ཁྱེར་མེད་པའི་ཡུལ་སྐོར་རླངས་འཁོར། ལག་ཁྱེར་མེད་པའི་ཡུལ་སྐོར་གྲུ་གཟིངས་དང་དེ་བཞིན་སྒྲིག་འགལ་གྱིས་རླངས་འཁོར་དང་གྲུ་གཟིངས་སོགས་ལ་བཅོས་སྒྲིག་དང་རྡུང་རྡེག་ནན་པོ་གཏོང་དགོས་པ།མི་སྣ་འདུ་འཛོམས་བྱ་ཡུལ་གྱི་བདེ་འཇགས་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ།ཁོངས་གཏོགས་དེ་རང་ངམ་ཡང་ན་ལས་རིགས་ཁྱབ་ཁོངས་ཀྱི་མི་སྣ་འདུ་འཛོམས་བྱ་ཡུལ་གྱི་བྱེད་སྒོའི་ཉེན་ཁར་དཔྱད་དཔོག་བྱས་ནས་ཡུལ་དངོས་ཀྱི་བདེ་འཇགས་དོ་དམ་འགན་འཁྲིའི་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་དགོས་པ། ཐོལ་བྱུང་གི་དོན་རྐྱེན་དང་གནོད་འཚེར་ཁ་གཏད་གཅོག་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ། གྲོས་མོལ་དང་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས་གནམ་གཤིས་ཧ་ཅང་ངན་པ་དང་གནོད་འཚེའི་སྔོན་བརྡ་གཏོང་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་། སྔོན་བརྡ་གཏོང་བ་དང་རྗེས་འདེད་ཀྱི་ཞིབ་དཔྱད་ལམ་སྲོལ་དོན་འཁྱོལ་སོགས་བྱས་ནས་དོན་རྐྱེན་དང་གནོད་འཚེ་ཚབས་ཆེན་འབྱུང་བར་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社