ཀོང་ཏུང་མེ་ཏ་མྱུར་བགྲོད་གཞུང་ལམ་གྱི་ཁྲ་དབྱང་ལམ་དུམ་བུ་རྡིབ་པའི་གནོད་འཚེ་བྱུང་ནས་མི་48རྐྱེན་ལམ་དུ་ཤོར་བ།
ཤིན་ཧྭ་གསར་འགྱུར་ཁང་ཀོང་ཀྲོའུ་ནས་ཟླ་5ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་1ཉིན་གྱི་ཆུ་ཚོད་2དང་སྐར་མ་10ཙམ་ལ་ཀོང་ཏུང་མེ་ཀྲོའུ་གྲོང་ཁྱེར་གྱི་མེ་ཏ་མྱུར་བགྲོད་གཞུང་ལམ་གྱི་ཁྲ་དབྱང་ལམ་བུ་རྡིབ་པའི་གནོད་འཚེ་ཐོན་ཡོད། མིག་སྔའི་བར་རླངས་འཁོར་23ལྷུང་བ་ཤེས་རྟོགས་བྱུང་ནས་མི་48རྐྱེན་ལམ་དུ་ཤོར་ཡོད་པ་དང་། མི་3ལ་DNAཡི་ཐོག་ནས་རྩད་གཅོད་བྱེད་དགོས་ཀྱི་ཡོད་པ།མི་30ལ་རྨས་སྐྱོན་ཕོག་ཡོད་ཀྱང་མིག་སྔར་ཚེ་སྲོག་ལ་ཉེན་ཁ་མེད་པ་རེད། གནས་ཚུལ་འདི་དག་ནི་གསར་འགོད་པས་ཚེས་2ཉིན་མེ་ཀྲོའུ་གྲོང་ཁྱེར་དུ་འཚོགས་པའི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བ་ཞིག་རེད།
ལམ་རྡིབ་པའི་གནོད་འཚེ་ཐོན་རྗེས་མེ་ཀྲོའུ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་ཡུལ་དངོས་སུ་མྱུར་སྐྱོབ་ལས་དོན་སྤེལ་ནས་འཕྲལ་སྡོམ་དང་།སྤྱི་བདེ། མེ་ཟོན། འཕྲོད་བསྟེན། འགྲིམ་འགྲུལ། འཕྲིན་གཏོང་སོགས་རོགས་སྐྱོབ་དཔུང་ཁག་577དང་རོགས་སྐྱོབ་རླངས་འཁོར་ཁག་64བཏང་ནས་ལས་འཛོལ་བྱུང་བའི་ས་ཁོངས་ལ་རོགས་སྐྱོབ་ལས་དོན་སྤེལ་ཡོད་པ་དང་། སྨན་བཅོས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་ཞིང་ཆེན་རིམ་པའི་སྨན་བཅོས་རིགས་གཅིག་མཁས་ཅན་12དང་། གྲོང་ཁྱེར་རིམ་པའི་སྨན་བཅོས་རིགས་གཅིག་མཁས་ཅན་20 མྱུར་སྐྱོབ་རླངས་འཁོར་30 སྨན་དོན་མི་སྣ་200ལྷག་ཙམ་བཅས་སྒྲིག་འཛུགས་བྱས་ནས་རིག་ཚན་མང་པོ་མཉམ་འདུས་ཀྱི་སྨན་བཅོས་བྱས་པ་དང་དམིགས་སའི་རང་བཞིན་ལྡན་པའི་སྨན་བཅོས་བྱེད་ཐབས་སྤྱད་དེ་རྨས་མ་སྐྱོབ་གང་ཐུབ་བྱས་ཡོད།
གསར་འགོད་པས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར། མིག་སྔར་རྨས་མ་30ཡི་ཚེ་སྲོག་ལ་ཉེན་ཁ་མེད་པ་རེད། མེ་ཀྲོའུ་ཏ་ཕུའུ་དང་། ཅང་ཞི། ཧྥུའུ་ཅན་སོགས་ས་ཁུལ་དུ་ལས་དོན་མི་སྣས་ཁ་པར་བརྒྱུད་ནས་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མི་འཚོལ་བཞིན་ཡོད་པ་དང་།མེ་ཀྲོའུ་གྲོང་ཁྱེར་གྱིས་ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ཏེ་ནང་མི་རེ་རེ་ལ་འབྲེལ་བ་བྱས་ནས་རྐྱེན་ལམ་དུ་ཤོར་བའི་མི་སྣ་དང་དེ་བཞིན་འབྲེལ་གཏུགས་མ་ཐུབ་པའི་མི་སྣའི་ནང་མིར་སེམས་གསོའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཡོད་པ་རེད། བརྟག་དཔྱད་བྱས་པ་བརྒྱུད། ཤི་རྨས་བྱུང་བའི་ཁྲོད་གནས་སྐབས་ཕྱི་རྒྱལ་གྱི་མི་སྣ་བྱུང་མེད་པ་རེད།
གནོད་འཚེ་བསྐྱར་དུ་མ་འབྱུང་བར་སྔོན་འགོག་ནན་པོ་བྱ་ཆེད། ས་གནས་དེ་གས་རྒྱལ་ཁབ་དང་ཞིང་ཆེན་གྱི་ས་གཤིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་དང་མཐུན་སྦྱོར་བྱས་ནས་གནོད་འཚེ་ཐོན་ཡུལ་དངོས་སུ་བརྟག་དཔྱད་བྱས་པ་དང་། གནོད་འཚེ་ཕོག་ཡུལ་དང་དེའི་མཐའ་འཁོར་གྱི་རི་ལྡེབས་ལ་དཔྱད་དཔོག་བྱས་ནས་བདེ་འཇགས་ས་ཁོངས་དང་ཉེན་ཁའི་ཁུལ་དབྱེ་བ། ཉེན་ཁའི་ཁུལ་དུ་མིས་བཟོས་ལྟ་ཞིབ་ཚད་ལེན་བྱེད་ས་5འཛུགས་རྒྱུར་མཛུབ་ཁྲིད་བྱས་པ། ཡོ་བྱད་དང་སྒྲིག་ཆས་ཀྱི་ལྟ་ཞིབ་ཚད་ལེན་བྱེད་ས་2བཀོད་སྒྲིག་བྱས་པ། གནོད་འཚེ་ཕོག་ཁུལ་དང་དེའི་མཐའ་འཁོར་གྱི་རི་ལྡེབས་ལ་ཉིན་མཚན་དབྱེར་མེད་ཀྱིས་ལྟ་ཞིབ་ཚད་ལེན་བཅས་བྱས་ཡོད།
ཡོངས་བསྒྲགས་ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པར། ཟླ་4པ་ནས་བཟུང་། མེ་ཀྲོའུ་རུ་དྲག་ཆར་ཐེངས་མང་བབས་པ་དང་གྲོང་ཁྱེར་ཡོངས་ཀྱི་ཆ་སྙོམས་ཆར་ཆུ་ཧོ་སྨི་621.7ཟིན་པ་དེ་ལོ་རེའི་དུས་མཚུངས་ལས་ལྡབ་2.49ཡིས་མང་བ་བབས་ཡོད་པ་དང་། གནམ་གཤིས་ཀྱི་ཟིན་ཐོ་བཀོད་ཚུན་གྱི་ཟླ་4པའི་ལོ་རྒྱུས་ཐོག་གི་ཆར་ཆུ་བབས་མང་ཤོས(1980ལོའི་ཧོ་སྨི་437.3)ལས་བརྒལ་ཡོད་པ་རེད། ལྷག་པར་དུ་ཟླ་4ཚེས་1ཉིན་ནས་ཟླ་4ཚེས་30ཉིན་བར། ཏ་ཕུའུ་རྫོང་དུ་ཆར་ཆུ་འབབ་ཚད་ཧོ་སྨི་628.2ཟིན་པ་དེ་ལོ་སྔོན་མ་ལས་ཆ་སྙོམས་ཧོ་སྨི་228.4ལས་ལྡབ་2.75ཡིས་མང་བ་བབས་ཡོད་པས་གནམ་གཤིས་ཀྱི་ཟིན་ཐོ་བཀོད་ཚུན་གྱི་ཟླ་4པའི་ལོ་རྒྱུས་ཐོག་གི་ཆར་ཆུ་འབབ་ཚད་མང་ཤོས(1980ལོའི་ཧོ་སྨི་419.5)ཡིན་པ་རེད།
རོགས་སྐྱོབ་ལས་དོན་ད་དུང་མུ་མཐུད་སྤེལ་བཞིན་ཡོད། སྒྲིག་ཆས་མཚམས་མི་འཇོག་པ་དང་མི་སྣ་རེས་མོས་བྱེད་པའི་བྱ་ཐབས་སྤྱད་དེ་ལས་ཀ་བྱེད་སྟངས་མང་པོ་ཞིག་དུས་མཉམ་དང་མཚམས་མི་འཇོག་པར་སྐྱོབ་ཐབས་བྱེད་པ་ཕུད། ད་དུང་མུ་མཐུད་འདམ་བག་གཙང་སེལ་ལས་དོན་སྤེལ་ནས་གནོད་འཚེ་དང་འབྲེལ་བ་ཡོད་པའི་ས་ཁོངས་ལ་ཁུག་ཀྱོག་གཅིག་ཀྱང་མི་ལུས་པར་གཙང་སེལ་བྱས་ཏེ།ཡུལ་དངོས་ཀྱི་རླངས་འཁོར་དང་མི་སྣ་གང་རུང་ཞིག་མི་ལུས་པའི་འགན་ལེན་བྱ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་ཚེ་སྲོག་འཚོལ་ཞིབ་ཡོ་བྱད་དང་མིའི་ལུས་ཕུང་འཚོལ་ཞིབ་ཡོ་བྱད་སོགས་ཀྱི་སྒྲིག་ཆས་སྤྱད་དེ་ཁྱོན་ཡོངས་ནས་འཚོལ་ཞིབ་བྱ་རྒྱུ་ཡིན་པ་རེད།
(བྱང་ཆུབ་ཆོས་སྒྲོན་དང་བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社