ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་དུས།སྟག་རྩེ་ཆུས་དེང་རབས་ཞིང་ལས་ཐོན་ལས་གླིང་ཁུལ་དུ་རྒྱ་སེ་མེ་ཏོག་མུའུ་བཅུ་ལྷག་ཙམ་བཞད་ནས་དྲི་ཞིམ་གང་སར་འཐུལ་བས་གྲོང་ཁུལ་དང་མཐའ་འཁོར་གྱི་ཆུས་དང་རྫོང་ནས་ཡོང་བའི་གྲོང་མི་དང་ཡུལ་སྐོར་བས་མེ་ཏོག་གི་མཚར་སྡུག་ལ་ལོངས་སྤྱོད་བྱེད་བཞིན་ཡོད།
ཉིན་ཤས་གོང་།གསར་འགོད་པས་སྟག་རྩེ་ཆུས་དེང་རབས་ཞིང་ལས་ཐོན་ལས་གླིང་ཁུལ་གྱི་རྒྱ་སེ་མེ་ཏོག་དྲོད་ཁང་དུ་ཁ་དོག་དམར་པོ་དང་།སེར་པོ།དམར་པོ།དཀར་པོ་བཅས་ཀྱི་སྣ་ཁ་མི་འདྲ་བའི་རྒྱ་སེ་མེ་ཏོག་ཕན་ཚུན་མཛེས་སྡུག་འགྲན་པ་ལྟར་བཞད་པ་དང་།ད་དུང་མེ་ཏོག་ཁ་ཤས་མྱུ་གུ་འབུས་པའི་སྒང་ཡིན་པ་དང་།ཕན་ཚུན་གཅིག་ལ་གཅིག་འགྲན་དུ་མེ་ཏོག་ལྷུག་པོར་བཞད་དེ་མཁའ་རླུང་ནང་མེ་ཏོག་གི་དྲི་བསུང་འཐུལ་བ་མཐོང་བྱུང་།མེ་ཏོག་འཐུ་བར་ཡོང་མཁན་གྲོང་མི་དང་ཡུལ་སྐོར་བ་མང་པོ་ཡོད་པ་དང་ཁོང་ཚོས་རང་ཉིད་ཀྱི་དགའ་ཕྱོགས་ལ་གཞིགས་ནས་རང་འགུལ་ངང་སྡེབ་སྒྲིག་བྱེད་པ་དང་།སྡེར་སྒྲིག་བྱས་པའི་མེ་ཏོག་ལ་སྒྱུ་རྩལ་པས་སླར་ཡང་ཞིབ་མོའི་བློས་ཐུམ་སྒྲིལ་མཚར་སྡུག་ལྡན་པ་ཞིག་བརྒྱབ་པས་ཡུལ་སྐོར་བ་ཚོས་དགའ་སྤྲོའི་ངང་དྲན་རྟེན་པར་རྒྱག་གི་ཡོད་པ་རེད།
གྲོང་མི་བསྟན་འཛིན་ཕུན་ཚོགས་ཀྱིས་ང་ཚོས་དུས་རྒྱུན་གཟའ་མཇུག་ཏུ་རང་ཉིད་མེ་ཏོག་འཐུ་བར་ཡོང་གི་ཡོད།གླིང་ཁུལ་དེར་མེ་ཏོག་གི་སྣེ་ཁ་ཅུང་མང་བ་དང་མེ་ཏོག་བཞད་པའི་དུས་ཡུན་ཡང་རིང་བས།ང་ཚོས་མེ་ཏོག་བཏུས་རྗེས་གཉེན་ཉེ་དང་གྲོགས་པོ་ཚོར་སྤྲད་ནས་ཁང་པའི་རྒྱན་སྤྲོས་བྱེད་ཆོག་ཅེས་བཤད།
རྒྱ་སེ་མེ་ཏོག་ཕུད་གླིང་ཁུལ་དུ་ད་དུང་ཨ་ཧྥེ་རི་ཁའི་ལུག་མིག་མེ་ཏོག་འདེབས་གསོ་བྱས་ཡོད།ཟླ་4པའི་ཟླ་སྟོད་ནས་བཟུང་།རྒྱ་སེ་མེ་ཏོག་དང་ཨ་ཧྥེ་རི་ཁའི་ལུག་མིག་མེ་ཏོག་འཐུ་བའི་དུས་ཚོད་ཡག་ཤོས་སུ་སླེབས་ཡོད་པས་མེ་ཏོག་ལ་དགའ་བའི་གྲོང་མིས་དུས་ཚོད་དེ་གཏན་ནས་འཐུས་ཤོར་མི་ཡོང་བར་བྱེད་དགོས།
རྒྱ་སེ་མེ་ཏོག་དྲོད་ཁང་གི་སྦྱིན་བདག་ཧུའེ་ཧྲི་ཐོན་གྱིས་ང་ཚོས་རྒྱ་སེ་མེ་ཏོག་མུའུ་བཅུ་འདེབས་གསོ་བྱས་ཡོད་པ་དང་རིགས་22དང་23ཙམ་ཡོད་པ་སྟེ།ལུའོ་ཧྲེན་རྒྱ་སེ་མེ་ཏོག་དང་།ཤང་པིན་རྒྱ་སེ་མེ་ཏོག ཏའེ་ཨན་ན་རྒྱ་སེ་མེ་ཏོག ཧྥུ་ལུའོ་དབྱི་ཏེ་རྒྱ་སེ་མེ་ཏོག་བཅས་ཡོད་པས་ལོ་ཧྲིལ་པོར་འཐུ་ཆོག་གི་ཡོད་པ་རེད།འོད་ཕོག་པའི་དབང་གིས་ལྷ་སར་འདེབས་འཛུགས་བྱས་པའི་མེ་ཏོག་དུས་ཡུན་ཅུང་རིང་ལ་ཉིན་20ནས་30ཙམ་ཉར་ཚགས་བྱེད་ཐུབ་པས་ཚང་མ་གུང་གསེང་རིང་འཐུ་བར་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社