分享按钮

ཁྲེང་ཀོན་ཆུས་མངོན་མིན་རིག་གནས་ཤུལ་བཞག་དང་དུས་བཞི་གྲོང་ཚོའི་མཉམ་འབྲེལ་མཚན་ཚོགས་དང་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་30ཉིན། ཁྲེང་ཀོན་ཆུས་ཨུད་ཀྱིས་གཙོ་གཉེར་བྱས་པ་དང་ཁྲེང་ཀོན་ཆུས་ཨུད་དྲིལ་བསྒྲགས་པུའུ་དང་རིག་གནས་ཡུལ་སྐོར་ཅུས་ཀྱིས་སྒྲུབ་འགན་འཁུར་བའི་2024ལོའི་ཁྲེང་ཀོན་ཆུས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་དང་དུས་བཞི་གྲོང་ཚོ་མཉམ་འབྲེལ་མཚན་མཚན་ཚོགས་དང་སྲིད་འཛིན་གྲོང་ཚོའི་རིག་རྩལ་གཟིགས་འབུལ་འཁྲབ་སྟོན་ལྷ་ཀླུ་འདམ་རའི་སྤྱི་གླིང་དུ་གཉེར་བ་རེད།

འཁྲབ་སྟོན་དེ་བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་གིས་འཁྲབ་སྟོན་བྱས་པའི་ཞབས་བྲོ《བཀྲ་ཤིས་སྨོན་འདུན》ཞེས་པའི་ཁྲོད་འགོ་ཚུགས་པ་རེད། དེ་རྗེས་ཞབས་བྲོ《གྲོང་ཁྱེར་གྱི་འགྱུར་ལྡོག》དང《ལོ་ལེགས་ཀྱི་དགའ་སྤྲོ》《གནས་མཆོག་ལྷ་ས》ཞེས་པ་དང་། ཁེར་གཞས་《ཡཱ་ལ་སོ》སོགས་ཁྲེང་ཀོན་ཆུས་ཀྱི་ཁྲོམ་གཞུང་ཁག་གིས་གྲ་སྒྲིག་ཞིབ་ཚགས་བྱས་པའི་ལེ་ཚན་15རེས་མོས་ཐོག་ནས་འཁྲབ་ཅིང་། རྒྱ་ཆེའི་མང་ཚོགས་ཀྱིས་འབྱུང་འགྱུར་གྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་དང་ཕུགས་འདུན་མཚོན་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱིས་ཁྲེང་ཀོན་ཆུས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་ཡོད་པ་རེད།

ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་གི་འཁྲབ་སྟོན་མི་སྣ་བུ་ཆུང་གིས་རིག་རྩལ་གཟིགས་འབུལ་འཁྲབ་སྟོན་ནང་ཞུགས་ནས་གླུ་སྒྲ་བརྒྱུད་མེས་རྒྱལ་ལ་སྨོན་འདུན་བཟང་པོ་ཞུས་པ་དང་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་རྒྱུ་བྱུང་བར་བསྔགས་བརྗོད་བྱས་པར་ཧ་ཅང་དགའ་པོ་བྱུང་། ང་ཚོས་མཉམ་དུ་ལག་གདང་སྦྲེལ་ནས་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཁྲེང་ཀོན་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་ལེའུ་ཞིག་ཐུན་མོང་ཐོག་རྩོམ་རྒྱུ་ཡིན་ཞེས་བཤད་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ། ད་དུང་མངོན་མིན་རིག་གནས་ཤུལ་བཞག་དངོས་རྫས་ཀྱི་རིག་གནས་ཉམས་ལེན་ཁུལ་བཙུགས་ཡོད་པ་དང་། ཐང་ག་དང་།རྒྱན་ཆ། ངོ་འབག་སོགས་མངོན་མིན་རིག་གནས་ཤུལ་བཞག་དངོས་རྫས་སྣ་ཚོགས་ཀྱིས་ཁེངས་ཡོད། ས་གནས་ས་ཐོག་གི་ལྟད་མོ་བ་ཚོས་ཁྲེང་ཀོན་ཆུས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ལག་རྩལ་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལ་ཉེ་སར་མྱོང་ཚོར་ཐུབ་པར་མ་ཟད། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་སྤེལ་རེས་དང་སློབ་སྦྱོང་བྱེད་ཐུབ་པར་བྱུང་ཡོད།

རིག་རྩལ་གཟིགས་འབུལ་འཁྲབ་སྟོན་གྱིས་ཆ་རྐྱེན་འཛོམས་པའི་གྲོང་གསེབ་ལ་ཞིང་དལ་གྱི་སྐབས་ཡུལ་མིས་རང་བཟོ་རང་འཁྲབ་བྱས་པའི་མཚན་ཚོགས་གཉེར་བར་བརྟེན་ནས་མི་དམངས་མང་ཚོགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་འདུ་ཤེས་སྔར་བས་ཆེ་རུ་བཏང་བ་དང་། ཁྲེང་ཀོན་ཆུས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་བཏང་སྟེ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་གཏོད་རྒྱུ་རེད་ཅེས་ཁྲེང་ཀོན་ཆུས་ཨུད་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་དང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་ཆོས་སྒྲོན་གྱིས་བཤད་པ་རེད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-03 6 6 拉萨日报藏文 c180399.html 1 ཁྲེང་ཀོན་ཆུས་མངོན་མིན་རིག་གནས་ཤུལ་བཞག་དང་དུས་བཞི་གྲོང་ཚོའི་མཉམ་འབྲེལ་མཚན་ཚོགས་དང་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་བྱས་པ། /enpproperty-->