分享按钮

འབད་བརྩོན་ལྷོད་མེད་བྱས་ནས་དུས་རབས་ཀྱི་གཟི་བརྗིད་ལེའུ་རྩོམ་དགོས།

(པར་ངོས་དང་པོར་མཐུད)ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལག་ལེན་དངོས་ཀྱི་ནང་ཧུར་ཐག་ཞུགས་ཡོད།

རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་རྒྱལ་ཁབ་དྲ་བའི་ཀྲེ་ཅང་ཞིང་ཆེན་གློག་ཤུགས་ཚད་ཡོད་ཀུང་སིའི་ལས་མི་ཝུའུ་ཀྲི་མིང་གིས་ཉེ་བའི་ལོ་30རིང་གློག་ཤུགས་ཐོན་སྐྱེད་ཀྱི་འཐབ་ས་མདུན་མའི་ཁྲོད་དུ་འབད་འཐབ་བྱས་ནས་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཁག་7དང་།དངོས་སྤྱོད་དཔེ་གསར་གྱི་ཁེ་བེད་བདག་ཐོབ་ཁག་24ཐོབ་ཡོད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་།ངལ་རྩོལ་གྱི་སྙིང་སྟོབས།བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བའི་སྐོར་གླེང་སྐབས་ཁོང་ལ་སྤོབས་པ་ཆེན་པོ་སྐྱེས་བྱུང་།གློག་ཤུགས་ཐོན་སྐྱེད་ཀྱི་འཐབ་ཕྱོགས་གང་སར་རྟག་ཏུ་དངོས་ཡོད་ཀྱི་དཀའ་གནད་སྣ་ཚོགས་འཕྲད་ཀྱི་ཡོད།ངལ་རྩོལ་དཔེ་བཟང་ཡིན་པའི་ངོས་ནས་ངས་གཞི་རིམ་གྱི་ལས་བཟོ་པའི་སྣེ་ཁྲིད་དེ་དཀའ་ངལ་ཁྱད་བསད་དང་གསར་གཏོད་ཧུར་ཐག་བྱས་ཏེ་སྒྲིག་ཆས་གསར་པ་དང་།བྱ་ཐབས་གསར་པ།བཟོ་རྩལ་གསར་པ་བཅས་ལ་མུ་མཐུད་ཞིབ་འཇུག་བྱས་ནས་གློག་ཤུགས་བཟོ་པའི་འོད་ཟེར་དང་ཚ་ནུས་འདོན་སྤེལ་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད།

གཙང་པོ་དང་མཚོ་དང་མཚེའུ་གྲོང་བརྒལ་བའི་རིམ་འདས་ལས་གྲྭའི་ཨར་ལས་བྱ་ཡུལ་དུ་ལས་དོན་བསྒྲུབས་ཤིང་།རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ཀྲུང་གོ་ལྕགས་ལམ་ཅུས་བཅུ་བཞི་པའི་སྤྱི་ཁྱབ་བཟོ་སྐྲུན་ཆེ་མོ་བ་གཞོན་པ་ཁྲེན་ཅན་གྱིས་ལོ་མང་རིང་ཕུབ་གྲུབ་རིག་ནུས་སྔོག་འདོན་སོགས་ལྟེ་བའི་ལག་རྩལ་གསར་གཏོད་འགག་སྒྲོལ་ལ་བློ་རྩེ་གཅིག་ཏུ་གཞོལ་ཡོད།ཁྲེན་ཅན་གྱིས་སྤྱི་ཁྱབ་ཧྲུའུ་ཅིས་ངལ་རྩོལ་པར་སེམས་ཁུར་དང་།ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་།ངལ་རྩོལ་གྱི་སྙིང་སྟོབས།བཟོ་བོའི་སྙིང་སྟོབས་བཅས་ལ་གུས་བཀུར་དང་བསྔགས་བརྗོད་གནང་བར་ང་ལ་སེམས་འགུལ་ཆེན་མོ་ཐེབས་བྱུང་།ཕྱིས་འབྱུང་།ང་ཚོས་འགག་རྩའི་ལག་རྩལ་ཞིབ་འཇུག་དང་བེད་སྤྱོད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་སྤུས་ཚད་མཐོ་བའི་ལས་གྲྭ་དེ་བས་མང་བ་བསྐྲུན་རྒྱུ་ཡིན་ཞེས་བཤད།

དུས་རབས་གསར་པར་འབད་བརྩོན་བྱེད་མཁན་གྱིས་འབད་བརྩོན་བྱེད་དགོས་པ་དང་།དུས་རབས་གསར་པར་གསར་གཏོད་བྱེད་མཁན་གྱིས་གསར་གཏོད་བྱེད་དགོས།

ཅང་སུའུ་རུ་རིམ་ཁག་བཟོ་ཚོགས་ཀྱིས་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་དང་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་གསར་གཏོད་བྱེད་མཁན་ལ་ཐོབ་ཆ་མང་བའི་ཁྲིད་སྟོན་བཙུགས་ཏེ་འཐབ་ས་མདུན་མའི་ལས་བཟོ་བ་དེ་བས་མང་བས་གསར་གཏོད་བྱེད་ཕོད་པར་བྱེད་དུ་བཅུག་པ་རེད།ཅང་སུའུ་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པ་ལིའུ་གཡོད་ཁོའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅིས་སླད་ཕྱིན་གྱི་ང་ཚོའི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད།ང་ཚོས་ཐོན་ལས་བཟོ་པའི་གསར་འབྱེད་གསར་གཏོད་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་རྒྱ་ཆེའི་ལས་བཟོ་བ་རྣམས་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་འཕེལ་གྱི་ནང་ཞུགས་རྒྱུར་སྒྲིག་འཛུགས་སྐུལ་སློང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ངལ་རྩོལ་པར་ཕན་ཐོགས་དང་གཟི་བརྗིད་ལོངས་སུ་སྤྱོད་དུ་འཇུག་པ་ནི་ངལ་རྩོལ་གསར་གཏོད་ནུས་པར་སྐུལ་སྤེལ་བྱེད་པའི་ནང་དོན་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམ་པ་ཁག་གི་ཏང་ཨུད་དང་སྲིད་གཞུང་གིས་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་མངོན་འགྱུར་དང་།སྲུང་སྐྱོང་།འཕེལ་རྒྱས་བཅས་ཡག་པོ་བྱས་ནས་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་དཀའ་སྤྱད་ངལ་རྩོལ་དང་།གཞུང་དྲང་ངལ་རྩོལ།གསར་གཏོད་རང་བཞིན་གྱི་ངལ་རྩོལ་བཅས་ཀྱི་ཁྲོད་ཕུགས་འདུན་སྒྲུབ་པར་སྐུལ་མ་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།

ལའོ་ཉིང་ཕུའུ་ཧྲུན་དུ་ལོ་48ལ་སླེབས་པའི་མོས་ཐོན་མངགས་ཉོ་སྐྱེལ་མཁན་ལུའུ་ཞུས་ཏུང་ཁྲོམ་གཞུང་དང་སྲང་ལམ་དུ་བྲེལ་བཞིན་ཡོད།ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅིས་གཞི་རིམ་གྱི་ངལ་རྩོལ་པར་སེམས་ཁུར་གནང་བས་ང་ཚོའི་སེམས་ལ་དྲོ་སྐྱིད་ཐོབ་བྱུང་།ངས་ངལ་རྩོལ་དཔེ་སྟོན་གྱི་སྙིང་སྟོབས་ཚད་གཞིར་འཛིན་ནས་ལས་ཀ་ཏན་ཏིག་བྱེད་མཁན་ངལ་རྩོལ་པ་ཞིག་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་མཁན་གྱི་མི་ཞིག་བྱེད་ཀྱི་ཡིན་ཞེས་བཤད།

2019ལོ་ནས་བཟུང་།ཀུའེ་ཀྲོའུ་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བཟོ་ཚོགས་ཀྱི་ས་ཚིགས་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་བཟོ་ཚོགས་ཀྱི་ས་ཚིགས་700ལ་ཕྱི་རོལ་གྱི་ངལ་རྩོལ་པའི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་ཀྱི་ཞིང་ཆེན་རིམ་པའི་དཔེ་སྟོན་ས་ཚིགས་ཞེས་མིང་བཏགས་པ་རེད།ཀུའེ་ཀྲོའུ་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཁེ་དབང་འགན་ལེན་དང་བཅའ་ཁྲིམས་ལས་དོན་པུའུ་ཡི་པུའུ་ཀྲང་མོ་དབྱི་ཅན་གྱིས་ངལ་རྩོལ་ལ་བརྩི་འཇོག་དང་ངལ་རྩོལ་པར་བརྩི་འཇོག་བྱེད་པ་ནི་འབོད་ཚིག་མ་ཡིན་པར་དངོས་གནས་དྲང་གནས་ཀྱི་བྱ་སྤྱོད་ཅིག་ཡིན།སླད་ཕྱིན་གྱི་ལས་དོན་ཁྲོད་ང་ཚོས་ངལ་རྩོལ་པའི་ཐོབ་སྣང་དང་།སྐྱིད་སྣང་།བདེ་སྣང་བཅས་ཟབ་ཏུ་ཏན་ཏིག་གཏོང་རྒྱུ་ཡིན་ཞེས་བཤད།

པེ་ཅིང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པ་ཀྲང་ལེང་གིས་བཟོ་ཚོགས་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་བརྩི་སྲུང་ཞུས་ནས་འཚོག་ཉེར་ཡོད་པའི་པེ་ཅིང་གྲོང་ཁྱེར་བཟོ་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་ཐོག་འབྱུང་འགྱུར་ལོ་ལྔའི་ལས་དོན་འཆར་འགོད་དང་བཀོད་སྒྲིག་ཡག་པོ་བྱ་རྒྱུ་དང་།ལས་བཟོ་མང་ཚོགས་ཀྱི་བསམ་ཚུལ་དང་རེ་སྒུག་ལ་དོ་ཁུར་བྱས་ཏེ་རྒྱ་ཆེའི་ལས་བཟོ་བར་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་འབད་བརྩོན་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་འབད་བརྩོན་གཏོད་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་1ཉིན་འབྱོར་བའི་གློག་འཕྲིན)(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-03 6 6 拉萨日报藏文 c180392.html 1 འབད་བརྩོན་ལྷོད་མེད་བྱས་ནས་དུས་རབས་ཀྱི་གཟི་བརྗིད་ལེའུ་རྩོམ་དགོས། /enpproperty-->