ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་29ཉིན།《ལྷ་སའི་སྲིད་དོན་བགྲོ་གླེང》ལེ་ཚན་ཐེངས་34པ་དྲ་ཐོག་ཏུ་བསྟན་ཡོད་ཅིང་། ད་ཐེངས་ཀྱི་ལེ་ཚན་ཁྲོད་རང་གྲོང་གི་ཡུལ་སྐོར་ཁྲོམ་རའི་ནག་ཚོགས་དང་ལག་ཁྱེར་མེད་པའི་རླངས་འཁོར་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ།ཡུལ་དངོས་སུ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་དང་། གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས།གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས།འདམ་གཞུང་རྫོང་།ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་སོགས་ཚན་པའི་འགན་འཁུར་བ་གདན་ཞུ་བྱས་ནས་སྨྱན་སྦྱོར་གྱི་ལྟ་སྐུལ་དང་སྲིད་དོན་འདྲི་རྩད་དང་ལེན་བྱེད་དུ་བཅུག་ཡོད། ཐད་གཏོང་བྱེད་སྐབས་མི་ཐེངས་ཁྲི་6.2ཀྱིས་ཐད་གཏོང་ལ་བལྟས་ཡོད་པ་དང་། བསྔགས་བརྗོད་བྱེད་ཚད་ཁྲི་8.1ཟིན་པ། དཔྱད་གཏམ་སྤེལ་མཁན་1700ལྷག་ཙམ་ཟིན་ཡོད།
རང་གྲོང་གི་ཡུལ་སྐོར་ལས་རིགས་ཁྱོན་ཡོངས་ནས་སླར་གསོ་བྱུང་བ་དང་ཆབས་ཅིག་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཞུ་གཏུག་རིམ་བཞིན་མང་དུ་ཕྱིན་ནས་ཡུལ་སྐོར་ཁྲོམ་ར་ཟང་ཟིང་དུ་གྱུར་བའི་སྣང་ཚུལ་དེ་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་དོ་གནད་དུ་གྱུར་ཡོད། ཐེངས་འདིའི་ལེ་ཚན་ཚོགས་ཆུང་གི་གསར་འགོད་པས“12345”ཡི་ཐད་སྦྲེལ་ཁ་པར་གྱི་ཁུངས་སྣེ་དང་ལྷ་སར་ཡོང་མཁན་ཡུལ་སྐོར་བས་ལན་སྤྲོད་བྱས་པའི་གནད་དོན་ལ་གཞིགས་ཏེ།བཅར་འདྲི་དང་བརྟག་དཔྱད་ཞིབ་ཚགས་བྱས་པ་བརྒྱུད།ཡུལ་སྐོར་ལས་དོན་ཁང་ཁག་གཅིག་གིས་དྲིལ་བསྒྲགས་རྫུན་མ་བྱས་པ་དང་། གན་རྒྱ་གཞིར་བཟུང་ལག་བསྟར་མི་བྱེད་པ། ལྐོག་ཏུ་ཚོགས་པ་བརྗེས་པ། ལག་ཁྱེར་མེད་པའི་ཡུལ་སྐོར་རླངས་འཁོར་གྱིས་སྒྲིག་འགལ་ངང་གཉེར་སྐྱོང་བྱེད་པ། ཡུལ་སྐོར་བའི་རྗེས་སུ་འབྲངས་ནས་ཅ་དངོས་འཚོང་བ། དེ་བཞིན་ཚོང་རྟགས་མེད་པའི་ཐོན་རྫས་འཚོང་བ་སོགས་ཀྱི་གནད་དོན་དམར་རྗེན་དུ་བཏོན་ཡོད། སྲིད་དོན་འདྲི་རྩད་པས་གནད་དོན་རེ་རེ་བཞིན་འདྲི་སྐབས་སྲིད་དོན་འདྲི་རྩད་བྱ་ཡུལ་ཚན་པས་གནད་དོན་ལ་ཐད་ཀར་ལན་བརྒྱབ་པ་དང་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་བསམ་འཆར་ལ་ནན་ཏན་གྱིས་ཉན་ཡོད།སྲིད་དོན་འདྲི་རྩད་བྱ་ཡུལ་ཚན་པས་ལྷག་པའི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ།ལྷ་ས་གྲོང་ཁྱེར་གྱི་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་སྐུལ་སློང་ཚོགས་ཆེན་གྱི་དགོངས་དོན་དེ་ཡུལ་ཁོངས་ཡུལ་སྐོར་སྤུས་རྟགས་གཏོད་པའི་ལས་དོན་གྱི་ལྷུ་ཚིགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱ་རྒྱུ་དང་། དངོས་སྒྲུབ་ཀྱི་བྱ་ཐབས་སྤྱད་དེ་དུས་ཐོག་ཏུ་བཅོས་སྒྲིག་བྱས་ནས་རང་གྲོང་གི་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧུའེ་ལེ་ཚན་གཟིགས་པར་ཕེབས་པ་དང་། གྲོང་ཨུད་སྤྱོད་ཚུལ་གཞུང་དོན་ཁང་གི་གྲུབ་ཁོངས་ཚན་པ་ཁག་དང་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ལེ་ཚན་ཁྲོད་ཞུཊ་ཡོད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社