分享按钮

ངལ་རྩོལ་གསར་གཏོད་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

(པར་ངོས་དང་པོར་མཐུད)རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ཏང་དང་བློ་གཅིག་སེམས་གཅིག་དང་ཏང་དང་མཉམ་དུ་འབད་བརྩོན་བྱས་ཏེ།ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེན་གྱི་འཕེལ་རིམ་ཁྲོད་འབད་བརྩོན་དང་། རྩེར་སོན་གཏོད་པ། དཔའ་ངར་ཆེན་པོས་ཡང་རྩེར་འཛེགས་པ་བཅས་བྱས་ཏེ། དམག་འཐབ་དྲག་པོ་བྱེད་ཕོད་པ་དང་།དཔའ་ངར་ཆེན་པོས་འགན་འཁྲི་ལྕི་པོ་འཁུར་བའི་དུས་རབས་ཀྱི་ཉམས་འགྱུར་མངོན་ཡོད། སྤྱི་ཚོགས་རིང་ལུགས་ནི་འབད་འཐབ་ལས་བྱུང་བ་དང་དུས་རབས་གསར་པ་ནི་འབད་འཐབ་བྱས་པ་ཞིག་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་གསལ་པོར་མཚོན་ཡོད། ངལ་རྩོལ་གྱིས་འོད་སྟོང་འཕྲོ་བའི་ལོ་རྒྱུས་བསྐྲུན་པ་དང་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཡང་གསར་སྐྲུན་བྱེད་ངེས་རེད།

འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བ་དང་། ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན། ང་ཚོས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་དང་།བརྟན་ཐོག་ཡར་འཕེལ་དང་། ཡར་འཕེལ་ཁྲོད་བརྟན་ལྷིང་ཡོང་ཐབས། སྔོན་འཛུགས་རྗེས་བརྒལ་བཅས་ཀྱི་བླང་བྱ་ལག་ལེན་མཐར་ཕྱིན་བསྟར་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ་དང་།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྒྱུར་བཅོས་སྒོ་དབྱེ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ།ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར། གྲོང་གསེབ་དར་རྒྱས་གཏོང་བ་སོགས་ཀྱི་ཐད་ལ་འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་བར་འབད་བརྩོན་བྱས་ཏེ་དཔལ་འབྱོར་གྱི་གསོན་ཤུགས་ཆེ་རུ་གཏོང་བ་དང་། ཉེན་ཁར་དོགས་ཟོན་དང་སེལ་བ། སྤྱི་ཚོགས་ཀྱི་སྔོན་དཔག་ལེགས་བཅོས་བཅས་བྱས་ནས་དཔལ་འབྱོར་བསྐྱར་འཕར་ཡག་པོ་ཡོང་བའི་རྣམ་པ་མུ་མཐུད་ནས་སྲ་བརྟན་དང་སྟོབས་ཆེར་གཏོང་དགོས། མིག་སྔར་རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་ཕན་ཡོད་ཆ་རྐྱེན་ནི་མི་ལེགས་པའི་རྒྱུ་རྐྱེན་ལས་ཆེ་བ་ཡོད་པས། ཡིད་ཆེས་ཆེ་རུ་བཏང་ནས་ཕྱོགས་གང་ཅིའི་ཐད་ཀྱི་ངར་ཤུགས་ལ་སྐུལ་སློང་བྱས་ཏེ་ཐུན་མོང་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་དགོས།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་རྩ་བའི་ཐོག་ངལ་རྩོལ་དང་ངལ་རྩོལ་པས་གསར་སྐྲུན་བྱེད་པར་བརྟེན་དགོས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཟོ་པའི་གྲལ་རིམ་ནི་རང་རྒྱལ་གྱི་འགོ་ཁྲིད་གྲལ་རིམ་དང་། སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་འབྲེལ་བའི་ཚབ་མཚོན་ཞིག་ཡིན་པ་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཙོ་ཤུགས་དམག་བཅས་ཡིན་ཞེས་ནན་གསུངས་གནང་ཡོད། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་ནས་ངལ་རྩོལ་གཞུང་དྲང་དང་ལས་ཀ་ཧུར་ཐག་བྱས་ཏེ་བློ་སེམས་ཆེན་པོས་གསར་གཏོད་དང་མི་རྣམས་ཀྱི་སྔོན་ཐོན་ལ་བྱེད་ཕོད་པ། ངལ་རྩོལ་གསར་གཏོད་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་ཀྱི་ཐུན་མོང་གི་བྱ་གཞག་ཡིན་པས། སྒྱུར་བཅོས་སྒོ་དབྱེའི་འགག་རྩའི་བྱེད་ཐབས་འདི་སྤྱད་ནས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཐག་གཅོད་དང་མདུན་སྐྱོད་ལམ་བུའི་ཐོག་གི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་རྒྱུ་རྒྱུན་འཁྱོངས་བྱེད་པ། མི་དམངས་མང་ཚོགས་ཀྱི་གཙོ་བོའི་གནས་བབ་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་བྱས་ཏེ། མི་དམངས་ཁྲོད་དུ་གནས་པའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྡུད་པ། རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་ངལ་རྩོལ་གྱི་སྤྲོ་སེམས་དང་གསར་གཏོད་ལས་གཏོད་ཀྱི་གསོན་ཤུགས་ལ་སྐུལ་སྤེལ་གང་ལེགས་བྱས་ཏེ། རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་ཁྲིམས་མཐུན་གྱི་ཁེ་དབང་ལ་འགན་སྲུང་ཏན་ཏིག་བྱེད་པ། སེམས་ཤུགས་དང་བརྩེ་བའི་སེམས་ཀྱིས་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་དཀའ་ངལ་སེལ་བར་རོགས་རམ་བྱས་ཏེ། སྤྱི་ཚོགས་ཡོངས་ལ་ངལ་རྩོལ་ལ་བརྩི་མཐོང་དང་ངལ་རྩོལ་པར་བརྩི་འཇོག་བྱེད་པའི་ཁོར་ཡུག་བཟང་པོ་དེ་བས་ཆགས་པར་སྐུལ་འདེད་གཏོང་དགོས།

ངལ་རྩོལ་གྱིས་བདེ་སྐྱིད་གསར་སྐྲུན་དང་འབད་འཐབ་ཀྱིས་བྱ་གཞག་རླབས་ཆེན་གཏོད་ཐུབ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ནས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གཏིང་ཟབ་རྟོགས་པ། འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ་དཀའ་སྤྱད་ངལ་རྩོལ་དང་། གཞུང་དྲང་ངལ་རྩོལ། གསར་གཏོད་རང་བཞིན་གྱི་ངལ་རྩོལ་བཅས་ཁྲོད་ཕུགས་འདུན་འགྲུབ་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་དང་གཟི་བརྗིད་གསར་པ་གཏོད་དགོས།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་30ཉིན་འབྱོར་བའི་གློག་འཕྲིན)

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-02 6 6 拉萨日报藏文 c180375.html 1 ངལ་རྩོལ་གསར་གཏོད་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། /enpproperty-->