ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་29ཉིན། ལྷ་ས་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་གཙོ་དོན་གཏམ་བཤད་འགྲན་བསྡུར་ཆེན་མོའི་རྟིང་རྩོད་བྱས་པ་རེད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་མཚོན་ཁུལ་འཛུགས་རྒྱུར་ཤུགས་སྣོན་རྒྱག་པའི་ཆེད་དོན་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཕེང་ཧྥེ་ཡུའེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཕེང་ཧྥེ་ཡུའེ་ཡིས་ད་ཐེངས་ཀྱི་གཏམ་བཤད་འགྲན་བསྡུར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས་གསོན་ཉམས་དོད་པའི་སྐད་ཆ་དང་ལྷག་བསམ་ཟོལ་མེད་ཀྱི་བརྩེ་དུང་ཐོག་ནས་ཐུན་མོང་ཐོག་མི་རིགས་མཐུན་སྒྲིལ་གྱི་སྐོར་གླེང་ཡོད། དེའི་དམིགས་ཡུལ་ནི་གཞོན་ནུ་ལོ་ཆུང་གི་ལྟ་ཕྱོགས་ཐོག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གལ་ཆེའི་རང་བཞིན་སྔར་བས་མངོན་པ་དང་། གཞོན་ནུ་ལོ་ཆུང་གི་རྒྱལ་གཅེས་བརྩེ་སེམས་འཕེལ་རྒྱས་གཏོང་བ། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་ལ་ཡང་དག་པའི་མི་རིགས་ལྟ་བ་འཛུགས་པར་ཁྲིད་སྟོན་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་མཚོན་ཧུར་ཐག་བརྩོན་ལེན་བྱ་རྒྱུ་དེ་རེད།འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་ཚང་མས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ནང་དོན་གཏིང་ཟབ་དང་། མི་རིགས་ཁག་གི་མང་ཚོགས་དབར་རྒྱ་ཁྱབ་ངང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཡག་པོ་གླེང་ནས་སྙན་དབང་གསོ་བའི་དགའ་སྟོན་ཞིག་བཤམས་ཏེ།གྲོང་ཁྱེར་ཡོངས་སུ་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཟབ་མོ་ཞིག་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社