分享按钮

དཔྱིད་དཔལ་རབ་ཏུ་བཞད་པའི་དུས་བཟང་འདིར།དགའ་སྤྲོའི་ངང་ནས་ལྷ་སར་དཔེ་ཀློག་བྱེད།

ལྷ་ས་གྲོང་ཁྱེར་གྱི་དཔེ་དེབ་འགྲེམས་སྟོན་སྐབས་དང་པོའི་ཐོག་སླར་ཡང་བཀྲག་མདངས་འཚེར་ས་བསྣན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་4ཚེས་23ཉིན་ནི་འཛམ་གླིང་དཔེ་ཀློག་ཉིན་མོ་ཐེངས་29པ་ཡིན་པ་དང་།ཉིན་དེར་དཔེ་ཀློག་གི་བྱེད་སྒོ་ལྷ་སའི་ཤར་རྒྱུད་གྲོང་འདབས་ཝན་ཏ་རུ་སྤེལ་ནས་ལྷ་ས་གྲོང་ཁྱེར་གྱི་དཔེ་དེབ་འགྲེམས་སྟོན་སྐབས་དང་པོའི་ཐོག་བཀྲག་མདངས་འཚེར་ས་སླར་ཡང་བསྣན་ཡོད།

བྱེད་སྒོའི་ནང་དུ་སྐབས་29པའི་འཛམ་གླིང་དཔེ་ཀློག་ཉིན་མོའི་གཙོ་དོན་བྱེད་སྒོ་སྟེ།ལྷ་ས་གྲོང་ཁྱེར་གྱི་དཔེ་དེབ་འགྲེམས་སྟོན་སྐབས་དང་པོ་དང་ལྷ་སའི་དཔྱིད་དུས་ཀྱི་དཔེ་དེབ་འགྲེམས་སྟོན་ཞེས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཚུལ་ལ་ཕྱིར་མིག་བལྟས་པ་དང་འབྲེལ།དཔེ་དེབ་འགྲེམས་སྟོན་ནང་ཧུར་ཐག་ཞུགས་མཁན་གྱི་དཔེ་ཚོང་ཁང་དང་། སྤྱི་པའི་རིག་གནས་བར་མཐོངས། དམངས་ཁྲོད་རྩ་འཛུགས་སོགས་ལ་གཟི་བརྗིད་ལག་ཁྱེར་སྤྲད་དེ་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་དམངས་ཡོངས་ལ་དཔེ་ཀློག་ཁྱབ་གདལ་དང་དཔེ་ཀློག་གི་ལྷ་ས་འཛུགས་སྐྱོང་བྱེད་པར་ཁས་ལེན་གང་ལེགས་བྱས་པ་མཚོན་ཡོད། ཀང་ཆིན་དཀྲོལ་བའི་སྒྲ་དབྱངས་དལ་པོའི་ཁྲོད་ཚང་མས་མཉམ་དུ་གསུང་རབ་ཀྱི་དཔེ་ཆ་གྱེར་འདོན་བྱས་པ་དང་། ཀང་ཆིན་གྱི་སྒྲ་དབྱངས་དག་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་གྲགས་ཅན་གསུང་རབ་ཀྱི་དུམ་བུ་ཀློག་འདོན་བྱེད་པར་མཉམ་འདྲེས་ཀྱི་རྣམ་པ་ཞིག་གསར་གཏོད་བྱས་པས།མི་རྣམས་ལ་བསམ་ཡུལ་ལས་འདས་པའི་སྤྲོ་སྣང་ཞིག་སྦྱིན་པར་མ་ཟད། བྱེད་སྒོར་ཉམས་ལེན་གསར་རྐྱང་དང་མཉམ་འགུལ་རང་བཞིན་ཡང་སྦྱིན་ཡོད། ཚང་མས་དགའ་སྤྲོའི་རྣམ་པའི་ཁྲོད་དུ་དཔེ་ཀློག་ལས་བྱུང་བའི་སེམས་ཁམས་ཀྱི་གཡོ་འགུལ་ལོངས་སུ་སྤྱོད་བཞིན་ཡོད་པས།དཔྱིད་དཔལ་རབ་ཏུ་བཞད་པའི་དུས་བཟང་འདིར། དགའ་སྤྲོའི་ངང་ནས་ལྷ་སར་དཔེ་ཀློག་བྱེད་པ་དངོས་འབྲེལ་དོན་འཁྱོལ་ཐུབ་པ་བྱུང་ཡོད་པ་རེད།

གྲོང་ཁྱེར་རིག་གནས་ཅུས་ཏང་ཙུའི་ཁོངས་མི་དང་རིམ་པ་གཉིས་པའི་བརྟག་ཞིབ་པ་ཟླ་བ་ཚེ་རིང་གིས་ད་ཐེངས་ཀྱི་དཔེ་ཀློག་བྱེད་སྒོ་ནི་ལྷ་ས་གྲོང་ཁྱེར་གྱི་དཔེ་དེབ་འགྲེམས་སྟོན་སྐབས་དང་པོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞེས་བཤད།

ཟླ་4ཚེས་20ནས་ཟླ་4ཚེས་23ཉིན་བར། གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར་རིག་གནས་ཅུས་ཀྱིས་སྐབས་29པའི་འཛམ་གླིང་དཔེ་དེབ་ཉིན་མོའི་གཙོ་དོན་བྱེད་སྒོའི་གྲས་ཏེ།ལྷ་ས་གྲོང་ཁྱེར་གྱི་དཔེ་དེབ་འགྲེམས་སྟོན་སྐབས་དང་པོ་དང་ལྷ་སའི་དཔྱིད་དུས་ཀྱི་དཔེ་ཚོགས་ཞེས་པའི་བྱེད་སྒོ་རབ་དང་རིམ་པ་གཉེར་བ་རེད། བྱེད་སྒོ་དེ་དཔེ་དེབ་གཙོ་དོན་དུ་བྱས་ནས་འགྲེམས་སྟོན་དང་། ཚོང་འདུས། རོལ་དབྱངས་འཁྲབ་སྟོན། མཉམ་འགུལ་ཉམས་ལེན། འཆད་ཁྲིད་མཉམ་སྤྱོད་སོགས་རིགས་སྣ་ཚོགས་ཀྱི་བྱེད་སྒོ་ཚུད་ཡོད་པ་རེད། བྱེད་སྒོ་དེ་ལོ་ན་ཆེ་ཆུང་གང་རུང་གི་མི་ཚོགས་ལ་ཁྱབ་པས་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད་པ་རེད།

ཟླ་བ་ཚེ་རིང་གིས་ད་ཐེངས་ཀྱི་བྱེད་སྒོ་དེ་སྤྱི་དམངས་ལ་ཉིན་བཞི་བསྟུད་མར་སྒོ་ཕྱེ་བ་དང་། བྱེད་སྒོ་སྤེལ་རིང་ཉིན་ལྟར་དེའི་ནང་ཞུགས་མཁན་མི་ཐེངས་ཁྲི་2ཙམ་ཟིན་ནས་དཔེ་དེབ་དང་རིག་གནས་གསར་གཏོད་དང་འབྲེལ་བ་ཡོད་པའི་ཚོང་གཉེར་ཡོང་འབབ་སྒོར་ཁྲི་20ཙམ་ཟིན་པ་དང་དེའི་ནང་དཔེ་དེབ་ཉོ་ཚོང་བྱེད་ཚད་དེབ་3500ལྷག་ཙམ་ཟིན་ནས་ལྷ་སའི་རིག་གནས་སྤུས་རྟགས་གཏོད་པ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས། རིག་གནས་སྤེལ་རེས་བཅས་བྱས་ཏེ་གྲོང་ཁྱེར་གྱི་མཉེན་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་ཅེས་བཤད།

ལྷ་ས་གྲོང་ཁྱེར་ནི་བོད་ཀྱི་རིག་གནས་དང་། ལོ་རྒྱུས། གྲོང་ཁྱེར་འཚོ་བ་བཅས་ཀྱི་ལྟེ་གནས་ཡིན་པའི་ངོས་ནས་བོད་རང་སྐྱོང་ལྗོངས་ཀྱི་དམངས་ཡོངས་ཀྱིས་དཔེ་ཀློག་ལ་སྐུལ་འདེད་གཏོང་བ་དང་དཔེ་ཀློག་གི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་རེད། ལྷ་ས་གྲོང་ཁྱེར་གྱི་དཔེ་དེབ་འགྲེམས་སྟོན་སྐབས་དང་པོའི་ཐོག་ངོ་མཚར་ཆེ་བའི་བྱེད་སྒོའི་ནང་དོན་ལ་བརྟེན་ནས་དཔེ་དེབ་མང་ཚོགས་ཀྱི་འགྲམ་དུ་བསྐྱལ་བས།དཔེ་ཀློག་གི་ལྷ་ས་ཞེས་པའི་རིག་གནས་མིང་བྱང་གལ་ཆེན་དེའི་ཤུགས་རྐྱེན་སྔར་བས་ཆེ་རུ་ཕྱིན་པ་དང་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ནས་མང་ཚོགས་ཀྱི་རིག་གནས་འཚོ་བའི་དགོས་མཁོ་བསྐངས་བར་མ་ཟད། གྲོང་ཁྱེར་གྱི་གཞི་རིམ་སྤྱི་པའི་རིག་གནས་ཞབས་ཞུའི་ནུས་པ་ཆེ་རུ་སོང་ཡོད།

ལྷ་ས་གྲོང་ཁྱེར་རིག་གནས་ཅུས་སྤྱི་པའི་རིག་གནས་ཁོའོ་ཡི་འགན་འཁུར་བ་བདེ་གཡང་གིས་མིག་སྔར་རང་གྲོང་དུ་ཅུང་འཐུས་སྒོ་ཚང་བའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་བསྐྲུན་ཟིན་པ་དང་། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་སྤྱི་པའི་རིག་གནས་ཞབས་ཞུའི་སྒྲིག་བཀོད་ཀྱང་ཡོངས་སུ་ཁྱབ་ཡོད། གྲོང་ཁྱེར་རིམ་པར་ཅུང་ཕྱོགས་བསྡུས་རང་བཞིན་གྱི་ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་ཕུད་ད་དུང་རིག་གནས་བར་མཐོངས་གསར་པ་གཉིས་བཙུགས་པ་དང་། རྫོང(ཆུས)ཚང་མར་རང་ཉིད་ཀྱི་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་ཡོད་པ་དང་། ཤང་དང་གྲོང་རྡལ་ཚང་མར་རིག་གནས་ས་ཚིགས་ཡོད་པ་སྟེ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་ཡོད་ལ་ཤང་རིམ་པའི་རིག་གནས་བྱེད་སྒོའི་བར་མཐོངས་ཀྱང་ཡོད་པ་རེད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-26 དཔྱིད་དཔལ་རབ་ཏུ་བཞད་པའི་དུས་བཟང་འདིར།དགའ་སྤྲོའི་ངང་ནས་ལྷ་སར་དཔེ་ཀློག་བྱེད། 6 6 拉萨日报藏文 c180092.html 1 ལྷ་ས་གྲོང་ཁྱེར་གྱི་དཔེ་དེབ་འགྲེམས་སྟོན་སྐབས་དང་པོའི་ཐོག་སླར་ཡང་བཀྲག་མདངས་འཚེར་ས་བསྣན་པ། /enpproperty-->