分享按钮

རང་གྲོང་གི་ཚན་པ་ཁག་དང་རྫོང་ཆུས་ཁག་གིས་འཛམ་གླིང་དཔེ་ཀློག་ཉིན་མོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

ཟླ་4ཚེས་23ཉིན་ནི་འཛམ་གླིང་དཔེ་ཀློག་ཉིན་མོ་ཐེངས་29པ་དེ་རེད། ཉིན་ཤས་རིང་། རང་གྲོང་གི་ཚན་པ་ཁག་གིས་བྱེད་ཐབས་སྣ་ཚོགས་ཀྱི་ཐོག་ནས་འཛམ་གླིང་དཔེ་ཀློག་ཉིན་མོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

ཉིན་དེའི་ཕྱི་དྲོ། གྲོང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པ་དང་གྲོང་ཁྱེར་དཔེ་མཛོད་ཁང་དང་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་སྒྲུབ་འགན་ཁུར་བའི“4·23ཉིན་འཛམ་གླིང་དཔེ་ཀློག་ཉིན་མོར་གེ་སར་རྒྱལ་པོའི་སྒྲུང”ཞེས་པའི་གཙོ་དོན་བྱེད་སྒོ་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་སྒྲོན་ཤིང་ཚིག་ཇ་ཁང་གི་དཔེ་དེབ་འཁོར་རྒྱུག་ས་ཚིགས་སུ་གཉེར་བ་རེད།

ཡུལ་དངོས་སུ་གྲོང་ཁྱེར་དཔེ་མཛོད་ཁང་གི་འགྲེལ་བཤད་པས་གེ་སར་རྒྱལ་པོའི་སྒྲུང་མཉམ་སྤྱོད་བྱེད་པར་བརྟེན་ནས་ཚང་མས་བོད་མི་རིགས་ཀྱི་རིག་གནས་དང་གེ་སར་རྒྱལ་པོའི་སྒྲུང་ལ་དགའ་ཞེན་ཆེན་པོ་བྱེད་ཀྱི་ཡོད། སྒྲུང་གཏམ་མཉམ་སྤྱོད་བྱས་ཚར་རྗེས་ད་དུང་གེ་སར་རྒྱལ་པོའི་འབྲེལ་ཡོད་ཤེས་བྱར་བྱ་དགའ་སྤྲོད་པའི་འགྲན་བསྡུར་གྱི་ལྷུ་ཚིགས་ཀྱང་སྤེལ་ནས་ལན་འདེབས་མཁན་ལ་དཔེ་དེབ་དང་ལྕགས་སྨྱུག་སོགས་སྤྲད་པས་ཡུལ་དངོས་སུ་ཚང་མ་ཧུར་ཐག་ངང་ཞུགས་ཤིང་འཁྲུག་ཆ་དོད་པའི་རྣམ་པས་ཁེངས་ཡོད།

ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཐོན་ལས་དབུལ་སྐྱོར་ཀུང་སིའི་ཐོན་ལས་མ་འཇོག་པུའི་པུའུ་ཀྲང་གཞོན་པ་བསོད་ནམས་རྒྱལ་མཚན་གྱིས་གེ་སར་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ལོ་རྒྱུས་ཀྱི་ནང་དོན་དང་མི་རིགས་ཀྱི་བློ་གྲོས་ཟབ་མོ་ལྡན་ཡོད། ད་ཐེངས་ཀྱི་བྱེད་སྒོ་དེ་འཛམ་གླིང་དཔེ་ཀློག་ཉིན་མོ་དང་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྟེ་གླིང་གེ་སར་གྱི་སྒྲུང་དང་ཟུང་འབྲེལ་བྱས་པ་བརྒྱུད་སྒྲོན་ཤིང་ཚིག་ཇ་ཁང་གིས་ཁྱད་ཆོས་ལྡན་པ་དང་གསར་གཏོད་རང་བཞིན་གྱི་རིག་གནས་ཀྱི་ཉམས་ལེན་བྱེད་སྒོ་སྤེལ་ནས་སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་གྱི་རིག་གནས་སྤེལ་རེས་དང་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་བ་དང་དཔེ་ཀློག་གི་རིག་གནས་བརྒྱུད་སྤེལ་ལ་སྐུལ་འདེད་བཏང་ནས་མི་དེ་བས་མང་བས་གླིང་གེ་སར་གྱི་སྒྲུང་ལ་ཤེས་རྟོགས་དང་དགའ་ཞེན་བྱེད་པ་དང་ཆབས་ཅིག་ཀློག་པ་པོར་སྐྱིད་སྣང་དོད་པའི་དཔེ་ཀློག་དང་སྤེལ་རེས་ཀྱི་ཁོར་ཡུག་ཅིག་ཀྱང་མཁོ་འདོན་བྱས་ཡོད་ཅེས་བཤད།

ལྷ་ས་གྲོང་ཁྱེར་སྤྱི་པའི་རིག་གནས་བར་མཐོངས་གསར་པའི་གྲོང་ཁྱེར་དཔེ་ཁང་གིས“རང་ཉིད་ལ་ཤུགས་རྐྱེན་ཆེ་ཤོས་ཐེབས་པའི་དཔེ་དེབ་ཞིག”ཅེས་པའི་ཁྲི་ཏོ་རེའི་གཙོ་དོན་དཔེ་ཀློག་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་དཔེ་ཀློག་གི་སློབ་དཔོན་ཁྲི་ཏོ་རེ་དང་། མིག་སྒྲོན། རྡོ་རྗེ་བཅས་གདན་ཞུས་བྱས་ཤིང་། དཔེ་ཀློག་པ་བརྒྱ་གྲངས་ད་ཐེངས་ཀྱི་བྱེད་སྒོའི་ནང་ཞུགས་ཡོད་པ་རེད། ཁོང་ཚོས་གཙོ་བོ“རང་ཉིད་ལ་ཤུགས་རྐྱེན་ཆེ་ཤོས་ཐེབས་པའི་དཔེ་དེབ་ཅིག་མཉམ་སྤྱོད་བྱེད་པའི”བརྗོད་གཞི་ལ་དམིགས་ནས་རང་ཉིད་ཀྱི་དཔེ་ཀློག་གོམས་གཤིས་མཉམ་སྤྱོད་བྱས་པར་མ་ཟད། ད་དུང་ཁོང་ཚོར་ཤུགས་རྐྱེན་ཟབ་མོ་ཐེབས་པའི་དཔེ་དེབ་ཁ་ཤས་འོས་སྦྱོར་བྱས་པ་དང་འབྲེལ་དཔེ་ཀློག་གི་ཕན་ཐོགས་ལ་དབྱེ་ཞིབ་གཏིང་ཟབ་ཀྱང་བྱས་ཡོད། ཁྲི་ཏོ་རེ་ཡིས་དམངས་ཡོངས་ཀྱིས་དཔེ་ཀློག་བྱེད་པ་ནི་ཕྲུ་གུ་ནས་འགོ་བཙུགས་ཏེ་རྒན་རབས་ཚོས་རང་དཔེ་གཞན་སྟོན་བྱས་ཐོག་ན་གཞོན་མི་རབས་ལ་དཔེ་ཀློག་གི་མིག་དཔེ་བཟང་པོ་ཞིག་བཏོད་དེ་ཐུན་མོང་ཐོག་དཔེ་ཀློག་གི་སྤྲོ་སྣང་ཡུན་རིང་སྐྱེད་སྲིང་བྱེད་དགོས་ཞེས་བཤད།

བྱེད་སྒོའི་ནང་ད་དུང་དཔེ་ཀློག་དང་འབྲེལ་བ་ཡོད་པའི་མཉམ་འགུལ་གྱི་ལྷུ་ཚིགས་རབ་དང་རིམ་པ་སྤེལ་ཞིང་། དེའི་ནང་ཞུགས་མཁན་ཚོས་གཏམ་བཤད་ཧུར་ཐག་བྱས་པ་དང་དྲི་བ་གཉིས་དང་དེའི་ཡན་འགྲིག་མཁན་གྱི་ལྟད་མོ་བ་ཚང་མར《བརྩེ་བའི་སློབ་གསོ》དང་། ཡང་ན《གངས་ལྗོངས་ཀྱི་བྱིས་དུས》ཞེས་པའི་དཔེ་དེབ་བྱ་དགའ་སྤྲོད་ཀྱི་ཡོད་པ་རེད། དེས་བྱེད་སྒོའི་སྤྲོ་སྣང་ཕུན་སུམ་ཚོགས་སུ་ཕྱིན་པར་མ་ཟད། ཚང་མར་དཔེ་ཀློག་གི་ཡིད་དབང་འཕྲོག་ཤུགས་དེ་བས་ཟབ་མོ་མྱོང་ཚོར་ཐུབ་པར་བྱས་ཡོད། དཔེ་ཀློག་མཉམ་སྤྱོད་བྱས་པ་བརྒྱུད་ཚང་མས་དཔེ་ཀློག་གི་བརྒྱུད་རིམ་ནང་དཔེ་ཀློག་གི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་དང་། གསུང་རབ་རིག་གནས་རྒྱུན་འཛིན་བྱེད་པ། དཔེ་ཀློག་གི་གོམས་གཤིས་བཟང་པོ་གསོ་སྐྱོང་བཅས་བྱས་ནས་དཔེ་ཀློག་ལ་དགའ་ཞེན་དང་། དཔེ་དེབ་ཡག་པོ་ཀློག་པ། དཔེ་ཀློག་ཡག་པོ་བྱེད་པ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།

དམངས་ཡོངས་ཀྱི་དཔེ་ཀློག་ལ་སྔར་བས་སྐུལ་འདེད་གཏོང་བ་དང“དཔེ་ཀློག་གི་སྟག་རྩེ”གཏོད་རྒྱུར་སྐུལ་འདེད་གཏོང་ཆེད། སྟག་རྩེ་ཆུས་ཨུད་དྲིལ་བསྒྲགས་པུས་སྟག་རྩེ་ཆུས་སློབ་གསོ་ཅུས་དང་མཉམ་འབྲེལ་བྱས་ཏེ་སྟག་རྩེ་སློབ་འབྲིང་གི་སློབ་མའི་འཐུས་མི་ཁག་གཅིག་སྒྲིག་འཛུགས་བྱས་ནས“དཔེ་ཀློག་གིས་སེམས་ཁམས་གསོ་བ་དང་། དཔེ་ཀློག་གིས་འཚར་ལོངས་ལ་སྐུལ་འདེད་གཏོང་བའི”གཙོ་དོན་དཔེ་ཀློག་མཉམ་སྤྱོད་ཀྱི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་དང་བླངས་པ་ཚོས་སློབ་མ་དང་མཉམ་འགུལ་བྱས་ནས་གསོན་ཉམས་ལྡན་པའི་དཔེ་ཀློག་མཉམ་སྤྱོད་བྱས་པ་དང་འབྲེལ་སློབ་མ་ཚོས་དོ་ཁུར་བྱེད་པའི་དཔེ་དེབ་ཇི་ལྟར་འདེམས་པ་དང་། ནམ་ཞིག་དཔེ་ཀློག་བྱེད་དགོས་པ། དཔེ་ཀློག་ཇི་ལྟར་བྱེད་དགོས་པ་སོགས་ཀྱི་གླེང་མང་བའི་གནད་དོན་ལ་ལན་བཏབ་པ་རེད། དེ་རྗེས་དང་བླངས་པ་ཚོས་བྱེད་སྒོར་ཞུགས་མཁན་གྱི་སློབ་མར་དཔེ་དེབ་སྤྲད་དེ་ཁོང་ཚོར་དཔེ་ཀློག་ཁྲོད་ཤེས་བྱའི་སྟོབས་ཤུགས་མྱོང་ཚོར་དང་། དཔེ་ཀློག་ཁྲོད་བསམ་གཞིགས་བྱེད་ཤེས་པ། མཐོང་རྒྱ་ཆེ་རུ་གཏོང་བ། མི་ཚེའི་དོན་སྙིང་རྟོགས་ཐུབ་པ་བཅས་བྱས་ཡོད།

སྟག་རྩེ་ཆུས་སློབ་འབྲིང་གི་སློབ་མ་པད་མ་མགོན་སྐྱབས་ཀྱིས་དུས་རབས་གསར་པའི་སློབ་འབྲིང་གི་སློབ་མ་ཞིག་ཡིན་པའི་ངོས་ནས་ང་ཚོ་དཔེ་དེབ་དང་འགྲོགས་པ་དང་དཔེ་ཀློག་གཙོ་བོར་བྱས་ཏེ་སློབ་གྲོགས་དང་། དགེ་རྒན། ཕ་མ་བཅས་དང་མཉམ་དུ་དཔེ་ཀློག་གི་སྤྲོ་སྣང་ལོངས་སུ་སྤྱོད་དགོས་ཞེས་བཤད།

ཉིན་དེར་སྟག་རྩེ་ཆུས་ཀྱི“དུས་རབས་གསར་པར་བསྔགས་བརྗོད་དང་དཔེ་ཀློག་གི་སྟག་རྩེ”ཞེས་པའི་གཙོ་དོན་གྱེར་འདོན་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་དེ་ཆུས་དེའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་སུ་གཉེར་བ་རེད།

འགྲན་བསྡུར་བྱ་ཡུལ་དུ་སྟག་རྩེ་ཆུས་ཀྱི་ཚན་པ་ཁག་དང་། སྡེ་ཚན་ཁག ཤང(གྲོང་རྡལ)ཁག་བཅས་ནས་ཡོང་བའི་འགྲན་བསྡུར་ནང་ཞུགས་མཁན་གྱི་བདམས་ཐོན་པ་11རྒྱན་བླངས་པའི་གོ་རིམ་ལྟར་གར་སྟེགས་སུ་བསྐྱོད་དེ་ངོ་མཚར་ཆེ་བའི་གྱེར་འདོན་བྱས་པ་རེད། འགྲན་བསྡུར་བྱ་ཡུལ་གྱི་རྣམ་པ་འཁྲུག་ཆ་དོད་ཅིང་བདམས་ཐོན་པ་ཚོས་སྤྲོ་སེམས་འཁོལ་བ་དང་ཡང་ན་དཔའ་ངར་ཆེར་བསྐྱེད་ཀྱིས་དུས་རབས་གསར་པའི་མེས་རྒྱལ་གྱི་དར་རྒྱས་སྟོབས་འབྱོར་དང་བདེ་སྐྱིད་ལྡན་པའི་འཚོ་བའི་རྣམ་པ་བརྗོད་པ་མ་ཟད། སྨྱན་སྦྱོར་གྱི་ཐོག་ནས་མཛེས་སྡུག་ལྡན་པའི་རི་མོ་དང་སྙན་འཇེབས་ལྡན་པའི་འགྱུར་ཁུག་ལ་བརྟེན་ནས་རྩེར་སོན་གྱི་རྩོམ་ཡིག་རེ་རེ་བཞིན་གྱེར་འདོན་བྱས་པར་ཡུལ་དངོས་ཀྱི་ལྟད་མོ་བའི་དགའ་བསུ་ཚད་མེད་ཐོབ་ཡོད།

ཛ་དྲག་གི་འགྲན་བསྡུར་དང་དཔྱད་འདེམས་ཨུ་ལྷན་གྱི་ཆེད་ལས་དཔྱད་བརྗོད་བྱས་པ་བརྒྱུད་ཡུལ་དངོས་སུ་སྐར་གྲངས་ཁྱབ་བསྒྲགས་བྱས་པ་དང་འབྲེལ་བྱ་དགའ་རིམ་པ་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་བདམས་པ་རེད།

ཕྱིས་འབྱུང་སྟག་རྩེ་ཆུས་ཀྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་གཡུལ་ས་གཙོ་བོའི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ་དཔེ་ཀློག་ཉིན་མོ་གོ་སྐབས་སུ་བྱས་ནས་བྱ་ཐབས་སྣ་ཚོགས་བརྒྱུད་ནས་དཔེ་ཀློག་ཁྱབ་གདལ་དང་རིག་གནས་ཀྱི་བྱེད་སྒོ་སྔར་བས་མང་བ་སྤེལ་ཐོག་དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་འདེད་གཏོང་བ་དང་སྟག་རྩེའི་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་དཔེ་ཀློག་འདི་ཉིད་འདས་ཟིན་པ་དང་འབྱུང་འགྱུར་འབྲེལ་མཐུད་བྱེད་པའི་སྦྲེལ་ཟམ་ལྟ་བུར་འགྱུར་བར་བྱས་ཏེ་དུས་རབས་གསར་པའི་རྒྱབ་ལྗོངས་འོག་གསུང་རབ་རིག་གནས་ལ་གསོན་ཤུགས་གསར་པ་འཕེལ་ཐུབ་པར་བྱ་རྒྱུ་ཡིན་པ་རེད།

སྟག་རྩེ་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“དཔེ་ཀློག་བུད་མེད་ཀྱིས་ཁྱིམ་ཚང་མཛེས་སྡུག་ལྡན་པར་བྱེད”ཅེས་པ་དང་འཛམ་གླིང་དཔེ་ཀློག་ཉིན་མོའི་ཆེད་དོན་འཆད་ཁྲིད་ནང་རྒྱ་ཆེའི་བུད་མེད་རྣམས་ཀྱིས་འཆད་ཁྲིད་ནང་རིཊ་པའི་གཞུང་ལུགས་གསར་གཏོད་ལ་སློབ་སྦྱོང་དང་། གསུང་རབ་ཀྱི་ཡིད་དབང་འཕྲོག་ཤུགས་ལ་མྱོང་རོལ། རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོཊ་སུ་གཏོང་བ་བཅས་ལ་ཁྲིད་སྟོན་བྱས་པ་རེད།

བྱེད་སྒོའི་ཁྲོད“དཔེ་ཀློག་པའི”མཚན་སྙན་ཐོབ་མཁན་དང་སྟག་རྩེ་ཆུས་དཔལ་འབྱོར་ཆ་འཕྲིན་ཅུས་ཀྱི་ཅུས་ཀྲང་རིག་འཛིན་སྒྲོལ་མས“དཔེ་དེ་གང་ཞིག་བཀླག་ན་ལེགས་པ”དང“དེབ་གང་དག་ཀློག་དགོས་པ” “དཔེ་ཀློག་ཅེས་པ་དེ་ཡང་སྙིང་གང་འདྲ་ཞིག་ཡིན་པ”སོགས་ཀྱི་ཐད་ནས་འདི་གར་ཡོད་པའི་བུད་མེད་རྣམས་ལ་ངོ་མཚར་ཆེ་བའི་དཔེ་ཀློག་གི་ཆེད་དོན་འཆད་ཁྲིད་ཞིག་གནང་བ་དང་། རང་ཉིད་ཀྱི་ལས་ཀ་དང་འཚོ་བའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས་སྤེལ་རེས་དང་མཉམ་སྤྱོད་བྱས་པ་རེད། ཚང་མས་དཔེ་ཀློག་ཁྲོད་འཚོ་བཅུད་བསྡུ་ལེན་དང་། སྤྲོ་སྣང་ལོངས་སུ་སྤྱོད་པ། དྲང་ནུས་བརྒྱུད་སྤྲོད་བྱེད་པ་བཅས་བྱས་ཡོད།

སློབ་མ་ཚོས་དཔེ་ཀློག་གི་བྱེད་སྒོའི་ཁྲོད་བསམ་ཚུལ་ཟབ་མོ་དང་། ཤེས་བྱ་ཐོབ་པ། ཕུགས་འདུན་གཏོད་པ་བཅས་བྱ་རྒྱུ་དང་། དཔེ་ཀློག་ལ་དགའ་ཞེན་དང་། དཔེ་དེབ་ཡག་པོ་ཀློག་པ། དཔེ་ཀློག་ལ་མཁས་པ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་ཆེད། ཉིན་དེར་སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཁྲོམ་གཞུང་གིས་སྟོད་ལུང་བདེ་ཆེན་ཆུས་སློབ་ཆུང་གཉིས་པ་དང་མཉམ་འབྲེལ་བྱས་ཏེ“དཔེ་ཀློག་གི་རྣམ་པས་ཁེངས་པའི་སློབ་གྲྭ་དང་། དཔེ་ཀློག་གིས་འཚར་ལོངས་དང་འགྲོགས་པའི”དཔེ་ཀློག་གི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོའི་ཐོག་སྟོད་ལུང་བདེ་ཆེན་ཆུས་སློབ་ཆུང་གཉིས་པའི་ལོ་རིམ་གསུམ་པ་ནས་ལྔ་པའི་བར་གྱི་སློབ་མ་16དང་དེ་བཞིན་དགེ་རྒན་གྱི་འཐུས་མིས《དཔེ་ཀློག་དང་མཉམ་དུ་འཚར་ལོངས་ཡོང་བར་བྱེད》ཅེས་པ་དང《སྤྲོ་སྣང་ལྡན་པའི་སློབ་གསོ་སྤེལ་བ》སོགས་ཁ་བྱང་དུ་བྱས་ནས་དཔེ་ཀློག་མཉམ་སྤྱོད་བྱས་ཏེ་རང་ཉིད་ཀྱི་དཔེ་ཀློག་གི་མྱོང་ཚོར་དང་གྲུབ་འབྲས་གླེང་བ་རེད། ཡབ་མདའ་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དབྱངས་སྒྲོལ་གྱིས་སློབ་མ་ཚོར“སྐབས་བདུན་པའི་རྒྱལ་ཡོངས་ཀྱི་གཞུང་དྲང་ཁ་དན་ཚིག་གནས་ཀྱི་ཀུན་སྤྱོད་དཔེ་བཟང་བ”ཉི་མ་དོན་གྲུབ་ཀྱི་བྱས་རྗེས་གསུངས་ནས་སློབ་མ་ཚོར་དཔེ་བཟང་ལ་བརྩི་བཀུར་དང་། དཔེ་བཟང་ལ་སློབ་སྦྱོང་། དཔེ་བཟང་ལ་བརྩོན་ལེན་བཅས་བྱས་ཏེ་ཤེས་དཔལ་དང་ཞི་མཐུན་ལྡན་པའི་སློབ་གྲྭའི་དར་སྲོལ་གཏོད་རྒྱུར་ཁྲིད་སྟོན་བྱས་ཡོད། བྱེད་སྒོའི་མཇུག་ཏུ་ཡུལ་དངོས་ཀྱི་དཔྱད་འདེམས་པས་སློབ་མ་ཚོའི་དཔེ་ཀློག་བྱེད་ཚད་དང་། དཔེ་ཀློག་གི་ཟིན་ཐོ། དེ་བཞིན་ཡུལ་དངོས་ཀྱི་མཉམ་སྤྱོད་སོགས་ཀྱི་ཐད་དཔྱད་འདེམས་བྱས་ནས་ཕུལ་བྱུང་གི་བྱ་དགའ་8དང་། བརྡར་པའི་བྱ་དགའ་8 སྐུལ་ལྕག་བྱ་དགའ་20བཅས་སྤྲད་དེ་སློབ་མ་ཚོར་མུ་མཐུད་དཔེ་ཀློག་གི་གོམས་གཤིས་ཡག་པོ་རྒྱུན་འཁྱོངས་བྱ་རྒྱུའི་སྐུལ་ལྕག་བྱས་པ་རེད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-25 6 6 拉萨日报藏文 c179949.html 1 རང་གྲོང་གི་ཚན་པ་ཁག་དང་རྫོང་ཆུས་ཁག་གིས་འཛམ་གླིང་དཔེ་ཀློག་ཉིན་མོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ། /enpproperty-->