ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་2024ལོའི་གྲོང་གསེབ་ཏུ་ཚན་རྩལ་དྲིལ་བསྒྲིགས་བྱེད་པའི་བྱེད་སྒོ་དེ་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་ཁང་དུ་སྤེལ་ཞིང་།རྫོང་ཡོངས་ཀྱི་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པ་དང་། སློབ་ཆེན་སློབ་མའི་ཚན་རྩལ(ཞིང་འབྲོག)ཆེད་ལས་ལས་མི། གྲོང་ཚོ་རིམ་པའི་སྲོག་ཆགས་རིམས་འགོག་པ། རྫོང་ཡོངས་ཀྱི་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་བཅས་ཞུགས་ཡོད།
ད་ཐེངས་ཀྱི་བྱེད་སྒོ་དེ་ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས(ཚན་རྩལ་མཐུན་ཚོགས)ཀྱིས་གཙོ་གཉེར་བྱས་པ་དང་། ལྷ་ས་གྲོང་ཁྱེར་གནམ་གཤིས་ཅུས་དང་།མལ་གྲོ་གུང་དཀར་རྫོང་ཞིང་ལས་གྲོང་གསེབ་ཅུས(ཚན་རྩལ་ཅུས)མལ་གྲོ་གུང་དཀར་རྫོང་ཁྲིམས་འཛིན་ཅུས།མལ་གྲོ་གུང་དཀར་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། མལ་གྲོ་གུང་དཀར་རྫོང་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་བཅས་ཀྱིས་ཐུན་མོང་ཐོག་སྒྲུབ་འགན་ཁུར་བ་ཞིག་རེད།
ལྷ་སའི་རྒྱལ་ཁབ་ཞིང་ལས་གནམ་གཤིས་ཚོད་ལྟའི་ས་ཚིགས་ཀྱི་ཀྲན་ཀྲང་དང་ལྷ་སའི་གྲོང་ཁྱེར་གནམ་གཤིས་ཅུས་ཀྱི“ཁུལ་གསུམ”ཚན་རྩལ་ཆེད་མངགས་ཚོགས་པའི་ཞིབ་འཇུག་རིམ་པའི་མཐོ་རིམ་བཟོ་སྐྲུན་པ་ལྷག་པ་དང་། ཀྲུང་གོ་མི་དམངས་རྒྱུ་ནོར་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སི་ལྷ་སའི་ཡན་ལག་ཀུང་སིའི་ཞིང་ལས་འགན་བཅོལ་པུའུ་ཡི་ལས་སྒོའི་གཙོ་གཉེར་པ་ལྷག་དོན། མལ་འགྲོ་གུང་དཀར་རྫོང་ཕྱུགས་ལས་ཕྱུགས་རིགས་སྨན་བཅོས་ས་ཚིགས་ཀྱི“ཁུལ་གསུམ”ཚན་རྩལ་ཤེས་ལྡན་མི་སྣ་ཡོན་ཏན་དོན་གྲུབ་བཅས་ཀྱིས་སྔ་རྗེས་སུ་ཞིང་ལས་སྐྱེ་དངོས་འདེབས་འཛུགས་ཐད་ཀྱི་གནམ་གཤིས་ཀྱི་འབྲེལ་ཡོད་ཤེས་བྱ་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ལས་འཛོལ་འགན་བཅོལ་གྱི་འབྲེལ་ཡོད་སྲིད་ཇུས། སྲོག་ཆགས་ཀྱི་རིམས་འགོག་ཐད་ཀྱི་འབྲེལ་ཡོད་ཤེས་བྱ་བཅས་ལ་དམིགས་ནས་འགྲེལ་བཤད་བརྒྱབ་ཡོད།
ཉི་མ་ལྕང་རྭ་ཤང་རྫོང་ཞོལ་གྲོང་ཚོའི་ཚན་རྩལ་ཆེད་མངགས་པ་སྐལ་བཟང་གིས་དེ་རིང་རྒན་ལགས་ཚོས་གནམ་གཤིས་ཀྱིས་ཞིང་ལས་སྐྱེ་དངོས་འདེབས་འཛུགས་ལ་ཤུགས་རྐྱེན་ཐེབས་ཚུལ་གསལ་བཤད་ཞིབ་ཕྲ་གནང་བས་ཧ་ཅང་གོ་ཆོད་པོ་བྱུང་། ལྷག་པར་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱིས་ཞིང་ལས་སྐྱེ་དངོས་ལ་གཏོར་བརླག་བཏང་བའི་སྐྱིན་ཚབ་སྲིད་ཇུས་གསལ་བཤད་གནང་བ་དེས་སླད་ཕྱིན་གནས་ཚུལ་དེ་རིགས་འཕྲད་ཚེ་གང་འདྲ་བྱེད་དགོས་མིན་ཐད་ཤེས་རྟོགས་གཏིང་ཟབ་བྱུང་། ཕྱིར་ལོག་རྗེས་གྲོང་ཚོའི་ནང་འདི་དག་དྲིལ་བསྒྲགས་བྱས་ནས་ཚན་རྩལ་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད།
དེ་རྗེས་མཉམ་འབྲེལ་ཐོག་སྤེལ་བའི་དྲིལ་བསྒྲགས་ཀྱི་བྱེད་སྒོ་རབ་དང་རིམ་པ་ནང་། ཚན་པ་ཁག་གིས་དྲིལ་བསྒྲགས་འཕྲེད་འགེལ་བཀལ་བ་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། ཡུལ་དངོས་སུ་བློ་འདྲིར་འགྲེལ་བཤད་རྒྱག་པ། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་ཡོ་བྱད་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཞིང་ལས་གནམ་གཤིས་དང་། ཕྱུགས་རིགས་ཀྱི་ནད་རིགས་འགོག་བཅོས། ཞིང་འབྲོག་ཁུལ་གྱི་བཟའ་བཅའ་དང་སྨན་རྫས་བདེ་འཇགས། བཅའ་ཁྲིམས་དང་འཕྲོད་བསྟེན་སོགས་ཀྱི་ཤེས་བྱར་དམིགས་ནས་དྲིལ་བསྒྲགས་བྱས་ཏེ། དམངས་ཕན་སྲིད་ཇུས་ཁྱབ་གདལ་བཏང་ནས་མང་ཚོགས་ཧུར་ཐག་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།
ད་ཐེངས་ཀྱི་བྱེད་སྒོའི་ནང་། ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས(གྲོང་ཁྱེར་ཚན་རྩལ་མཐུན་ཚོགས)ཀྱིས་བཀྲ་ཤིས་སྒང་ཤང་མི་དམངས་སྲིད་གཞུང་ལ་སྒོར་ཁྲི་2.3ཙམ་རི་བའི་ཚན་ཞིབ་སོན་བཟང་ཞལ་འདེབས་བརྒྱབ་ཡོད་པ་དང་། ད་ཐེངས་ཀྱི“གྲོང་གསེབ་ཏུ་ཚན་རྩལ་དྲིལ་བསྒྲགས་བྱེད་པའི”བྱེད་སྒོའི་ནང་ཁྱོན་དྲིལ་བསྒྲགས་དངོས་རྫས་1000ལྷག་ཙམ་དང་དྲིལ་བསྒྲགས་ལག་དེབ་1400ལྷག་ཙམ་སྤྲད་ཡོད།
རུ་ཐོག་ཤང་ལྷ་ལུང་གྲོང་ཚོའི་གྲོང་མི་བསོད་ནམས་རྒྱ་མཚོས། དེ་རིང་གི་བྱེད་སྒོ་ཕུན་སུམ་ཚོགས་པོ་འདུག དགེ་རྒན་ཚོས་འཕྲོད་བསྟེན་བདེ་ཐང་དང་། བཟའ་བཅའ། སྨན་རྫས་བཅས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་པར་མ་ཟད། ད་དུང་སྨན་རྫས་དང་དཔྱད་གཞིའི་ཡིག་རིགས་ཀྱང་སྤྲད་ཡོད།དེ་དག་ཚང་མ་ང་ཚོའི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་ཡོད་པས་གོང་རིམ་འགོ་ཁྲིད་ཀྱིས་སེམས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
གྲོང་ཁྱེར་ཚན་རྩལ་ཅུས་གྲོང་གསེབ་ཚན་རྩལ་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་བསོད་ནམས་དབང་མོས་2024ལོའི་ལྷ་ས་གྲོང་ཁྱེར་གྱི་ཚན་རྩལ་གྲོང་གསེབ་ཏུ་དྲིལ་བསྒྲགས་བྱེད་པའི་བྱེད་སྒོའི་ནང་། ང་ཚོས་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་གི་ཞིང་འབྲོག་མང་ཚོགས་ལ་ཚན་རྩལ་གྱི་གྲུབ་འབྲས་གསར་པ་དང་ལག་རྩལ་གསར་པ་དེ་བས་མང་བ་ཁྱབ་གདལ་བཏང་ནས་སོན་བཟང་དང་ཕྱུགས་སྨན་སྤྲད་པ་དང་། དུས་མཚུངས་རིགས་གཅིག་མཁས་ཅན་གདན་དྲངས་ནས་ཚན་རིག་དང་མཐུན་པའི་འདེབས་གསོའི་ལག་རྩལ་འཆད་ཁྲིད་དང་།སྲིད་ཇུས་གསོ་སྦྱོང་།ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་བཅས་བྱས་ཡོད།བྱེད་སྒོར་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། ཕྱིས་འབྱུང་། ཆུ་ཤུར་རྫོང་ཚ་རགས་གྲོང་ཚོ་དང་།ཆུ་ཕུ་གྲོང་ཚོ།བདེ་སྐྱིད་གྲོང་ཚོ་སོགས་སུ་མུ་མཐུད་གྲོང་གསེབ་ཏུ་ཚན་རྩལ་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཞིང་འབྲོག་མང་ཚོགས་ལ་ཚན་རྩལ་གྱི་གྲུབ་འབྲས་གསར་པ་དང་ལག་རྩལ་གསར་པ་དེ་བས་མང་བ་དྲིལ་བསྒྲགས་བྱ་རྒྱུ་རེད་ཅེས་བཤད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社